བོད་ནང་རྒྱུན་ལྡན་མིན་པའི་གློ་བའི་གཉན་ཚད་ནད་ཡམས་ཐོན་པ།
2010.09.26
༄༅༎བོད་ནང་རྒྱུན་ལྡན་མ་ཡིན་པའི་གློ་བའི་གཉན་ཚད་ཀྱི་ནད་ཡམས་ཞིག་ཐོན་ཏེ། མི་ལྔ་ནད་མནར་དུ་གྱུར་བའི་ནང་ནས་གཅིག་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་དེ་རིང་རྒྱ་ནག་གི་འཕྲོད་བསྟེན་དཔོན་རིགས་ནས་གནས་ཚུལ་དེ་བདེན་པ་ཡིན་པའི་ངོས་ལེན་བྱས་ཡོད་པ་རེད།
ནད་པ་ལྔ་པོ་དེ་ནི་བོད་ཀྱི་ཀོང་པོ་ཉིང་ཁྲི་ས་ཁུལ་གྱི་ལ་ཏོག་གྲོང་མཚོའི་ནང་དུ་བྱུང་ཡོད་པའི་སྐོར་བོད་ཀྱི་ས་གནས་འཕྲོད་བསྟེན་ཚན་པས་བཤད་པ་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་དྲ་རྒྱའི་ཐོག་ལུང་འདྲེན་བྱས་ཡོད་ཅིང༌། དྲ་རྒྱའི་གནས་ཚུལ་དེར་གཞིགས་ན། ཐོག་མར་ནད་ཡམས་དེ་ཕྱི་ཟླ་དགུ་པའི་ཚེས་༢༣ཉིན་རྩད་གཅོད་ཐུབ་པ་དང་ནད་པ་གཅིག་ལ་གློ་བར་ཚབས་ཆེའི་གཉན་ཚད་ཀྱིས་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་པ་དང༌། ནད་པ་གཞན་བཞི་པོ་རྣམས་ལ་ཟུར་དུ་ལྟ་རྟོགས་འོག་ཏུ་བཞག་ཡོད་པའི་ནད་གཞི་ཐོག་མར་བྱུང་ཡུལ་གྱི་ནད་པ་དེ་དང་ཐད་ཀའི་འབྲེལ་གཏུགས་བྱུང་སྟེ་འགོས་ཁྱབ་ཕྱིན་ཡོད་པ་རེད། ད་ལྟའི་གནས་སྟངས་ནི། ནད་པ་བཞི་པོའི་ནང་ནས་གཅིག་ཧ་ཅང་གི་ཛ་དྲག་དང་སྡུག་པོ་ཡོད་པ་ལས་ནད་པ་གསུམ་པོའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད། འོན་ཀྱང་འཕྲོད་བསྟེན་དཔོན་རིགས་ནས་ནད་ཡམས་ཐོན་ཡུལ་བོད་ཀྱི་ས་ཁུལ་གྱི་མིང་གསལ་བསྒྲགས་བྱས་པ་ལས་འདས་གྲོངས་སུ་ཕྱིན་པའི་ནད་པ་དང་ད་ལྟ་ནད་མནར་འོག་ཏུ་ཡོད་པའི་ནད་པ་བཞི་པོའི་མིང་དང་ཕོ་མོ། ལོ་སོགས་གནས་ཚུལ་གསལ་བསྒྲགས་གང་ཡང་བྱས་མེད་པ་རེད། བོད་ནང་དུ་ཡོད་པའི་འཕྲོད་བསྟེན་ཚན་པས་ནད་ཡམས་དེ་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་སྔོན་འགོག་བྱེད་མི་ཆེད་ལས་པ་ཉིང་ཁྲི་ས་གནས་སུ་ཆེད་གཏོང་བྱས་པ་དང༌། ལྷག་པར་དུ་ཕྱི་ཟླ་བརྒྱད་པའི་ཚེས་༡༨ཀྱི་རྗེས་སུ་ས་ཁུལ་དེའི་ནང་འགྲིམས་འགྲུལ་བྱས་པ་ཚོར་ཚ་བ་འཕར་བ་དང༌། གློ་རྒྱབ་པ་སོགས་ཆམ་ཚད་ཀྱི་ནད་རྟགས་འདྲ་བ་ཐོན་ཚེ་འཕྲལ་དུ་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་འགྲོ་དགོས་པའི་གསལ་བསྒྲགས་བྱས་ཏེ། ཉིང་ཁྲི་ས་ཁུལ་གྱི་ཉེ་འཁོར་ཞིང་ཆེན་ཁག་ལ་གློ་ཚད་ཀྱི་ནད་ཡམས་དེའི་ཉེན་ཁའི་དོགས་ཟོན་འོག་གནས་ཡོད་པ་རེད། གློ་ཚད་ཀྱི་ནད་ཡམས་དེ་ནི་གློ་བར་གཉན་ཁ་རྒྱས་པའི་ན་ཚ་ཞིག་ཡིན་པ་དང། རྩ་བའི་ན་ཚ་དེ་ཧ་ཅང་གི་ཐོན་དཀོན་པོ་ཞིག་ཡིན་ནའང་མིའི་ཚེ་སྲོག་ལ་གནོད་འཚེ་བཟོའི་ནད་ཡམས་ཤིག་ཡིན་ཞིང༌། དེ་ནི་ཚ་བ་འཕར་བ་དང༌། མགོ་ན་བ། གཟུགས་པོར་ཤུགས་མེད་པ། གློ་བར་གཉན་ཚད་མྱུར་དུ་འཕེལ་རྒྱས་འགྲོ་བའི་ནད་རྟགས་ཐོན་གྱི་ཡོད་པ་རེད།