ཕིན་ལེན་སྲིད་འཛིན་ཟུར་པར་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པ།
2008.10.10
༄༅༎དེ་རིང་ཕིན་ལེན་ཌིའི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་མའར་ཏི་ཨ་ཏི་ས་རི་མཆོག་ལ་འདི་ལོའི་ཕྱི་ལོ་༢༠༠༨ཀྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་ཕུལ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།
དེ་ཡང་ནོར་ལྦེ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའི་འོས་མི་བརྒྱ་དང་དགུ་ཅུ་གོ་བདུན་ཡོད་པའི་ནང་ནས་སྐུ་ཞབས་མའར་ཏི་ཨ་ཏི་ས་རི་ལ་འབུལ་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་དེའི་ནང་དུ་སྐུ་ཞབས་མའར་ཏི་ཨ་ཏི་ས་རི་མཆོག་གིས་འདས་པི་མི་ལོ་སུམ་ཅུ་ལྷག་རིང་ལ་ན་མི་སྦི་ཡ་རྒྱལ་ཁབ་ནས་ཀོ་སོ་ལྦོ།ཨཕ་རི་ཀ།ཡོ་རོབ།ཨེ་ཤེ་ཡ།དཀྱིལ་ཤར་ཡུལ་གྲུ་སོགས་ནང་གི་རྒྱལ་སྤྱིའི་དཀའ་རྙོག་དང་འཁྲུག་རྩོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཕྱག་ལས་གནང་སྟེ་འཛམ་གླིང་ཞི་བདེར་ཕན་པའི་གསལ་ཆེའི་འགན་འཁུར་བཞེས་པའི་མཛད་རྗེས་ལ་བརྟེན་ནས་ཐག་གཅོད་གནང་བའི་སྐོར་གསུང་ཡོད་པ་དང་ཁོང་ལ་གཟེངས་རྟགས་དེར་ཨ་རིའི་ཌོ་ལར་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་བྱ་དགའ་ཕུལ་གྱི་ཡོད་པ་རེད། དགུང་གྲངས་བདུན་ཅུ་དོ་གཅིག་ལ་ཕེབས་པའི་སྐུ་ཞབས་མའར་ཏི་ཨ་ཏི་ས་རི་མཆོག་གིས་ཕྱི་ལོ་༡༩༩༤ནས༢༠༠༠བར་ཕིན་ལེན་ཌི་རྒྱལ་ཁབ་ཀྱི་སྲིད་འཛིན་གནང་ཡོད་པ་དང་དེ་རྗེས་སྲིད་འཛིན་གྱི་གོ་གནས་ནས་འཕོས་པའི་རྗེས་སུ་འཛམ་གླིང་ཞི་བདེའི་སྐྲུན་ཐབས་ཀྱི་ཕྱག་ལས་མུ་མཐུད་གནང་སྟེ་དམིགས་བསལ་ཕྱི་ལོ་༢༠༠༥ལོར་ཨིན་ཌོ་ནེ་ཤི་ཡ་གཞུང་དང་དེའི་ཨ་ཆེ་ཞིང་ཆེན་ནང་དུ་ཡོད་པའི་གྱེན་ལོག་ཤོག་ཁག་བར་མི་ལོ་སུམ་ཅུ་འཐབ་འཁྲུག་གི་དཀའ་རྙོག་སེལ་ཐབས་ཀྱི་བར་འདུམ་གྱི་ཐུགས་འགན་བཞེས་པ་མ་ཟད་ན་ནིང་ཕྱི་ཟླ་གསུམ་པ་བར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གནང་སྟེ་ཀོ་སོ་ལྦོ་དང་ཨེལ་སྦེ་ནི་ཡ་བར་དུ་གྲོས་མོལ་ཡོང་ཐབས་ཀྱི་ཕྱག་ལས་གནང་ཡོད་པ་དང་དམིགས་བསལ་ཁོང་གིས་ཕྱི་ལོ་༡༩༨༩ནས་༩༠བར་དུ་ན་མི་སྦི་ཡ་རང་དབང་རང་བཙན་གྱི་ཆེད་དུ་གལ་ཆེའི་ཕྱག་ལས་གནང་ཡོད་པ་རེད།