གྲོས་ཚོགས་ཚོགས་དུས་ལྔ་པ།
2013.03.19

༄༅། །སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་ ཁ་སང་ཕྱི་ཚེས་ ༡༨ ཉིན་དབུ་འཛུགས་གནང་ཞིང། ཆེད་མངགས་ཉིན་གཅིག་རིང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ཐད་གྲོས་མོལ་གནང་ཡོད་པ་རེད། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ནས་ཕེབས་པའི་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་དེའི་ནང་། དོན་ཚན་དང་པོ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་དཀའ་སྡུག་ཆེན་པོ་མྱངས་དང་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང། དོན་ཚན་གཉིས་པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་མིའི་མངོན་འདོད་སྤྱི་དང་ལྷག་པར་དུ་རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མི་ཚོའི་འབོད་སྒྲ་དང་ཁ་ཆེམས་བཞག་པའི་དགོས་འདུན་འགྲུབ་ཐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་ཅིང། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་གྲོས་མོལ་གྱི་ལམ་ནས་བོད་དོན་ཐག་ཆོད་ཡོང་བ་ནན་བརྗོད་དང། དོན་ཚན་གསུམ་པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཡོད་པ་དེ་དག་ཡིག་ཐོག་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་མཚོན་ཆེད་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཀྱི་ཚོགས་ཆུང་གཏོང་ཐབས་ལ་འབད་བརྩོན་ཡོང་བ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་རེད།།