ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོཊ་སྐུ་ཚབ་བོད་ནང་ཕེབས་འཆར་ཡོད་པ།
2009.11.04
༄༅།།རྒྱ་ནག་དང་ཨོ་སེ་ཀྲོ་ལི་ཡའི་བར་མཛའ་འབྲེལ་ཟབ་ཏུ་འགྲོ་ཡི་ཡོད་པའི་རྣམ་པར་ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གཟིགས་སྐོར་དུ་གཏང་རྒྱུར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཁྲིམས་བཟོ་བ་ཇྭོན་ཧོག་གིས་སྣེ་ཁྲིད་པའི་ཁྲིམས་བཟོ་བ་བདུན་བོད་ནང་ཉིན་གཉིས་རིང་གཟིགས་སྐོར་དུ་བསྐྱོད་གཏན་འཁེལ་བ་དེ་ནི།ཕྱི་ལོ་ཕྱི་གཅིག་སྟོང་དགུ་བརྒྱ་དགུ་ཅུ་གོ་གཅིག་གི་ལོ་ནས་བཟུང་གཞུང་འབྲེལ་གྱི་སྐུ་ཚབ་ཕེབས་པ་དང་པོ་ཡིན་པ་མ་ཟད།སྔ་ལོ་བོད་ནང་གི་ཞི་རྒོལ་གྱི་དོན་རྐྱེན་བྱུང་རྗེས།རྒྱལ་སྤྱིའི་ཞིབ་འཇུགས་པ་ཕེབས་པ་དང་པོ་དེ་ཆགས་ཀྱི་ཡོད་རེད།དེ་སྔོན་རྒྱ་ནག་གཞུང་གིས་ཨོ་སེ་ཀྲོ་ལི་ཡའི་རིའོ་ཊིན་ཊོ་ཞེས་པའི་གཏེ་ལས་ཁང་གིས་འགན་འཛིན་སེཊན་ཧུ་བཙོན་འཇུག་བྱས་པ་དང་།ཨོ་སེ་ཀྲོ་ལི་ཡའི་གཞུང་གིས་ཀྱང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཚུངས་པའི་མི་སྣ་ཚོར་འགྲོ་བ་མིའི་ཐོབ་ཐང་ཐད་གཏམ་བཤད་བྱེད་རྒྱུའི་རང་དབང་སྤྲད་པར་བརྟེན།ཡུལ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་དེ་གཟིགས་སྐོར་འདིའི་ཐོག་ནས་བསྐྱར་གསོ་ཡོང་བའི་དམིགས་ཡུལ་བཅངས་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
སྐུ་ཚབ་ཚོགས་ཆུང་ནང་ངལ་རྩོལ་ཚོགས་པའི་ཁྲིམས་བཟོ་བ་མརྐ་ཌེརེ་ཕུསེ་དང་།ཨ་ཎ་བྭུརྐེ་དང་།སིདྷ་སའི་ཌི་བྭོཊོམ་བཅས་གསུམ་དང་།གུ་ཡངས་ཚོགས་པའི་ཁྲིམས་བཟོ་བ་མལ་ཝ་ཤར་དང་།ཨེནྡུ་རུ་སའིཐེ་ཀོཊི་དང་ལྗངས་ཁུ་ཚོགས་པའི་ཁྲིམས་བཟོ་བ་སེཀོཊི་ལུདྷི་ལམ་བཅས་ཡོད་འདུག་སྐུ་ཚབ་རྣམ་པ་ཚོས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་སྦེད་གསང་མེད་པ་གནང་རྒྱུའི་ཁས་ལེན་གནང་འདུག་འདི་ལོ་ཕྱི་ཟླ་གསུམ་པའི་ནང་སྲིད་བློན་ཀེ་ཝིན་རཌི་མཆོག་གིས་བྭ་ཅིང་གཙུག་ལག་སློབ་གྲར་གསུང་བཤད་གནང་བའི་སྐབས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩི་འཇོག་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་གནང་བ་དེས།རྒྱ་ནག་གཞུང་ཁོ་ཁྲོ་བསླངས་ཡོད་རེད།འོན་ཀྱང་ད་ཆ་ཡུལ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱེད་ཀྱི་ཡོད་པའི་རྣམ་པར་བདུན་ཕྲན་སྔོན་མ་རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ཀེ་ཆང་ཨོ་སེ་ཀྲོ་ལི་ཡར་གཟིགས་སྐོིར་དུ་བསྐྱོད་སྐབས་སྲིད་བློན་ཀེ་ཝིན་རཌི་མཆོག་དང་མཇལ་འཕྲད་གནང་འདུག