ཐའེ་ལྦན་སྲིད་འཛིན་ཟུར་པར་རྒྱབ་སྐྱོར་མཁན་ནས་ཐུག་འཕྲད།
2009.02.13
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ད་རེས་བཀག་ཉར་ཁང་ནང་དམ་བསྒྲགས་བྱེད་མུས་ཡིན་པའི་གྲན་ཧྲོའོ་བན་ཐུག་འཕྲད་དུ་བསྐྱོད་ཐུབ་ཡོད་པ་རེད།
དེ་ཡང་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རིང་དཔལ་འབྱོར་ལྐོག་ཟའི་གྱོད་དོན་གྱིས་རྐྱེན་པས་སྲིད་འཛིན་གྱི་ཐུགས་འགན་མཇུག་སྒྲིལ་བའི་རྗེས་ཐའེ་ལྦན་ཞིབ་སྤྱོད་ལས་ཁང་གིས་ཁྲིམས་གཏུགས་བྱས་ནས་དེང་སྐབས་ཐའེ་ལྦན་གྱི་དམ་བསྒྲགས་བཀག་ཉར་ཁང་དུ་བཀག་ཉར་བྱེད་མུས་ཡིན་པ་དང་བཀག་ཉར་ཁང་ནང་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཐའེ་ལྦན་གྱི་རྒྱ་གྲམ་ཞེས་པའི་དེབ་ཅིག་བྲིས་གནང་ཏེ་དེང་སྐབས་ཐའེ་ལྦན་ནང་དེབ་དེ་ཉོ་མཁན་མང་ཤོས་ཀྱི་དེབ་གྲས་སུ་སླེབས་ཡོད་པར་བརྟེན་གྲན་ཧྲོའོ་བན་གཞུང་ལས་ཁང་གིས་ཁ་སྔོན་དེབ་དེ་ཉོ་མཁན་གྱི་ཨང་དང་པོ་ནས་བཅུ་པ་བར་གྱི་མི་ཚོར་བྱ་དགའ་སྤྲོད་རྒྱུའི་ལས་དོན་ཞེས་པ་སྤེལ་ནས་བྱ་དགའ་དེ་ནི་ཨང་དང་པོ་ནས་བཅུག་པའི་དེབ་ཉོ་མཁན་དེ་དག་བཀག་ཉར་ཁང་དུ་རྩོམ་པ་པོ་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་ཐའེ་ལྦན་བཙོན་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་བཀག་ཉར་བྱེད་པའི་རིང་དེབ་ལ་ས་རྟགས་འགོད་ཡས་ཀྱི་ལས་འགུལ་རིགས་སྤེལ་ཆོག་གི་མེད་ན་ཡང་དེབ་ཉོ་མཁན་ཚོ་ཁོང་ཐུག་འཕྲད་དུ་ཡོང་ཆོག་གི་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་ལྟར་དེ་རིང་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་བརྩམས་གནང་བའི་ཐའེ་ལྦན་གྱི་རྒྱ་གྲམ་ཞེས་པའི་དེབ་དེ་ཉོ་མཁན་ཐོག་མའི་གྲས་མི་ཁག་ཅིག་བཀག་ཉར་ཁང་དུ་ཁོང་ཐུག་འཕྲད་དུ་སླེབས་ཡོད་པ་རེད།