༢༠༠༨ལོར་འཛིན་བཟུང་བྱས་པའི་བོད་མི་ཁག་གསལ་རྟོགས་མེད་པ།
2010.07.24
༄༅༎བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞི་བཅོལ་གྱིས་ བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་འཁོད་གསལ་ལ་གཞིགས་ན། ཕྱི་ལོ་༢༠༠༨ཟླ་བ་༣པའི་ཚེས་༡༠ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་དགེ་འདུན་པ་ཁག་གཅིག་ནས་སྣེ་ཁྲིད་དེ་ཞི་རྒོལ་བསྟུད་མར་བྱུང་རྗེས། ཟླ་བ་དེའི་ཚེས་༡༡ཉིན་སེ་ར་དགོན་པའི་དགེ་འདུན་པ་ཚོས། དགོན་པའི་ལས་དོན་རུ་ཁག་དང་དམིགས་བསལ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དྲག་གནོན་བྱེད་པའི་ཉེན་ཁར་མ་འཛེམས་པར་ཞི་བའི་ངོ་རྒོལ་བྱས་པར། དྲག་ཆས་ཉེན་རྟོག་པས་དྲག་ཤུགས་བེད་སྤྱོད་བཏང་སྟེ་དགེ་འདུན་པར་ཉེས་རྡུང་བཏང་བའི་གནས་ཚུལ་ཐོན་སྐབས། སེ་ར་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་སེར་སྐྱ་མང་ཚོགས་རྣམས་ཀྱི་ཁྲོད་ནས་གདུང་སེམས་མཉམ་སྐྱེ་ཀྱིས་ཞི་བའི་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་གྲས་སུ་ཡོད་པའི་རང་ལོ་༢༠ཙམ་དུ་སོན་པའི་བོད་རིགས་གཞོན་སྐྱེས་རྒྱལ་མཚན་སོགས་ལ་ཕྱི་ལོ་༢༠༠༨ཟླ་༣པའི་ཚེས་༡༡ཉིན་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་རྗེས་ད་བར་ལོ་གཉིས་ལྷག་ཙམ་སོང་ཡོད་ཀྱང་། རྒྱལ་མཚན་དང་ཁོང་གི་རོགས་པ་ཁག་གཅིག་ད་དུང་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག
རྒྱལ་མཚན་ནི་རང་ལོ་༢༠ཙམ་ཡིན་པ་དང༌། སྐྱེས་ཡུལ་སྙེ་མོ་རྫོང་ཕུ་གསུམ་ཤང་ནས་ཡིན་ཞིང་། རྒྱུན་གཏན་ལྷ་སར་སེ་རའི་གཤམ་འོག་ཏུ་འཚེམ་བུ་བརྒྱབ་ནས་སྡོད་ཀྱི་ཡོད་འདུག། ཁོང་ཕྱི་ལོ་༢༠༠༨ཟླ་༣པའི་ཚེས་༡༡ཉིན་སེ་རའི་འཁྲིས་སུ་ངོ་རྒོལ་བྱ་ཡུལ་ནས་འཛིན་བཟུང་བྱས་པའི་རྗེས། གར་སོང་ཆ་མེད་དུ་གྱུར་ཡོད་འདུག་པ་དང༌། དེ་བཞིན་ཕྱི་ལོ་་༢༠༠༨ལོའི་ཟླ་བ་༣པའི་ཚེས་༡༡ཉིན་སེ་རའི་ཉེ་འཁྲིས་ཀྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་པ་སོགས་དང་འབྲེལ་བ་ཡོད་པར་བསྙད་དེ། ལྷ་སའི་ཁུལ་དུ་མི་གྲངས་བརྒྱ་ལྷག་འཛིན་བཟུང་བྱས་པའི་ཁོངས་ནས་མི་ཁག་གཅིག་གློད་བཀྲོལ་བཏང་ཡོད་ཀྱང་། ཁག་གཅིག་ད་ལྟ་གར་ཡོད་ཤེས་རྟོགས་མེད་པར་ཕ་མ་སྤུན་མཆེད་ཚོས་ད་དུང་རྩད་གཅོད་བྱེད་བཞིན་ཡོད་འདུག་པ་ལྟར། སྐབས་དེར་འཛིན་བཟུང་བྱས་པའི་མིང་གཞུང་ཤེས་རྟོགས་བྱུང་བ་རྣམས་ནི། བསྟན་འཛིན་དང་། བཀྲ་བཟང་། ཁྱི་སྐྱག དབང་འདུས། ཕུར་བུ། རྣམ་སྲས། མིག་དམར། པལྨ། སྐལ་བཟང་། བསྟན་འཛིན། ཟླ་བ་ཚེ་ང་། ལྷག་དབང་དབང་འདུས། པ་སངས། ནོར་བུ། པ་སངས་ཚེ་རིང་། པ་སངས། རྡོ་རྗེ་ཚེ་རིང་། གནམ་སྒང་། ཉི་མ་ཚེ་རིང་། བཀྲིས་རྡོ་རྗེ། ཕུར་བུ་དངོས་གྲུབ། ལྷག་པ། སྤེན་པ། ཟླ་ཆོས། ཕུར་བུ། ཚེ་རིང་བློ་བཟང་། མཁའ་འགྲོ་བཅས་པ་ད་དུང་ས་གནས་གང་དུ་བཀག་ཉར་བྱེད་བཞིན་ཡོད་མེད་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཡོད་འདུག།