རྒྱ་ནག་ནང་དྲག་སྤྱོད་ཀྱི་དོན་རྐྱེན་མང་རུ་ཕྱིན་པ།
2011.06.15
༄༅༎རྒྱ་ནག་ནང་དེང་སྐབས་དྲག་སྤྱོད་ཀྱི་གནས་ཚུལ་མང་པོ་ཞིག་ཐོན་བཞིན་ཡོད་པ་དང་ དེས་རྐྱེན་པས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་ཚབས་ཡོང་རྒྱུར་རྒྱ་ནག་གཞུང་ལ་སེམས་འཚབ་ཡོད་ཅིང་ ཉེ་བའི་ཆར་རྒྱ་ནག་གི་ས་ཁུལ་མང་པོའི་ནང་ས་གནས་གཞུང་གི་དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་སོགས་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་ཤེས་བྱེད་མཁན་མེད་པའི་གནས་སྟངས་འོག་དྲག་སྤྱོད་དང་ ངོ་རྒོལ་གྱི་རྣམ་འགྱུར་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ རྒྱ་ནག་གི་སྤྱི་ཚོགས་ཁྲོད་ཁོང་ཁྲོའི་རྣམ་འགྱུར་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་གཞུང་དང་མང་ཚོགས་དབར་གྱི་འགལ་ཟླ་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ སེང་ག་ཕོའོ་སློབ་གྲ་ཆེན་མོའི་ཤར་ཨི་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཀྲང་ཡུང་ནན་གྱིས་གསུང་འདུག རྒྱ་ནག་ནང་འདས་པའི་ལོ་ངོ་སུམ་ཅུའི་རིང་རྒྱ་ནག་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ནས་བསྐྱོད་ནས་ད་ཆ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་ཕྱིན་ཡོད་ཀྱང་ སྤྱི་ཚོགས་དང་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱུང་མེད་སྟབས་ དཔོན་རིགས་ཀྱིས་ལྐོག་ཟ་རུས་སུངས་དང་ གཞུང་གིས་བཙན་གནོན་ དེ་བཞིན་ཁྲིམས་འགལ་ཐོག་ནས་མང་ཚོགས་ཀྱི་ས་ཞིང་བཙན་འཕྲོག་བྱེད་ཡས་དང་ དབུལ་ཕྱུག་དབར་གྱི་ཁྱད་པར་ཡང་ཆེ་རུ་ཕྱིནཔ་སོགས་ཀྱི་ རྒྱ་ནག་ནང་བརྟན་ལྷིང་མེད་པའི་རྣམ་པ་ཤུགས་ཆེ་ཐོན་བཞིན་ཡོད་པ་རེད་ པེ་ཅིན་ནངཡོད་པའི་ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ར་སེལ་ལེ་མོ་སིསི་ཡིས་ རྒྱ་ནག་ནང་ཟང་ཟིང་གི་དོན་རྐྱེན་དོན་ཡས་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་གནད་དོན་གཞན་ཐོག་ལ་ཡང་ཤུགས་རྐྱེན་ཐེབས་རྒྱུའི་ཉེན་ཚབས་ཡོད་པ་དང་ རྒྱ་ནག་མི་མང་ཚོས་ད་ཆ་རྒྱ་ནག་གི་ཁྲིམས་ལུགས་ལ་ཡིད་ཆེས་མེད་པར་བརྟེན་ མང་ཚོགས་ཚོས་རང་ཉིད་ཀྱི་བདེ་སྡུག་གནད་དོན་ཐག་གཅོད་ཡོང་རྒྱུར་དྲག་པོའི་ཐབས་ལམ་ལ་བརྟེན་རྒྱུའི་ལམ་ལ་བསྐྱོད་བཞིན་ཡོད་པས་ གནས་སྟངས་དེ་ནི་རྒྱ་ནག་གཞུང་གི་སྲིད་དབང་ལ་ཧ་ཅང་གི་ཉེན་ཚབས་ཡིན་པ་གསུང་འདུག