བཙན་བྱོལ་བོད་མིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ།
2009.10.28
༄༅༎ཁ་ས་སྤྱི་ཚེས་ཉི་ཤུ་བདུན་ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ནང་ཡོད་པའི་བོད་མི་གཞོན་སྐྱེས་ཁག་ཅིག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྒྱ་ནག་དང་རྒྱ་གར་ ར་ཤི་ཡ་བཅས་ཡུལ་གྲུ་གསུམ་བར་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་བར་གྲོས་མོལ་ལྷན་ཚོགས་ཤིག་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་མཉམ་ཞུགས་བྱས་པར་རྒྱ་གར་ལྷོ་ཕྱོགས་སྤེང་ལོར་གྲོང་ཁྱེར་ནང་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོགས་པ་བཅས་པས་གོ་སྒྲིག་གནང་སྟེ་བོད་རིགས་ན་གཞོན་ཚོས་ས་གནས་གྲོང་ཁྱེར་དེའི་ནང་ལག་ཏུ་རྒྱལ་དར་དང་ངོ་ཚ་ཁྲེལ་མེད་ཅན་གྱི་རྒྱ་ནག་ཅེས་བཀོད་པའི་འཕྲེད་དར་བསྣམས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་རྒྱ་གར་ས་གནས་ཉེན་རྟོག་པས་ངོ་རྒོལ་སྐད་འབོད་ནང་ཞུགས་མཁན་བོད་རིགས་ན་གཞོན་བཅུ་བཞི་འཕྲལ་དུ་འཛིན་བཟུང་བྱས་ཡོད་ཀྱང་དུས་ཡུན་ཚོུད་བཅུ་གཅིག་ཙམ་བཀག་ཉར་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། ད་རེས་ངོ་རྒོལ་སྐད་འབོད་ནང་བཞུགས་མཁན་གཞོན་སྐྱེས་མང་ཆེ་བ་ནི་སྦེང་ལོར་མཐོ་སློབ་ཁང་གི་སློབ་ཕྲུག་ཡིན་པ་དང་གཞོན་སྐྱེས་སློབ་ཕྲུག་དེ་ཚོས་ངོ་ཚ་ཁྲེལ་མེད་ཅན་གྱི་རྒྱ་ནག་ བོད་ནང་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་མཚམས་འཇོག་བྱེད་དགོས་ཞེས་སྐད་འབོད་བྱས་པ་མ་ཟད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་ཀྱིས་བོད་ནང་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་ཀྱི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་འཚབ་གནང་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པས་རྒྱ་གར་གཞུང་གིས་དེའི་ཐད་དགོངས་བཞེས་གཟབ་ནན་གནང་དགོས་ཀྱི་རེད་ཅེས་སྐད་འབོད་གནང་ཡོད་པ་རེད།