ཐའེ་ལྦན་གྱི་སྲིད་འཛིན་ཟུར་པས་༸གོང་ས་མཆོག་མཇལ་སྲིད་སྐོར།
2009.08.28
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏེང་ཧུའེ་ཡིས་ད་རེས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཞབས་སོར་འཁོད་པའི་སྐབས་ཞལ་མཇལ་འཕྲད་ཞུ་སྲིད་པའི་སྐོར་སྐུ་ཞབས་ལི་ཏེང་ཧུའེ་ཡི་འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་ཁུངས་ཤིག་ནས་རྒྱུས་ལོན་བྱུང་ཡོད་པ་རེད།
དེ་ཡང་ཐའེ་ལྦན་ནང་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐའེ་ལྦན་བོད་ཀྱི་མཛའ་གྲོགས་ཚོགས་པའི་ཚོགས་གཙོ་ཁྲའོ་མེ་ལི་ཡིས་གསུངས་དོན་ལ་སྐུ་ཞབས་ལི་ཏེང་ཧུའེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གྲོགས་པོ་རྙིང་པ་ཞིག་ཡིན་པ་དང་ཁོང་རྣམ་གཉིས་བསྐྱར་དུ་མཇལ་འཕྲད་གནང་རྒྱུ་ཐུགས་རེ་ཡོད་ཅིང་གལ་ཏེ་དུས་ཚོད་ཀྱི་སྟབས་འགྲིག་བྱུང་བ་ཡིན་ཚེ་ངེས་པར་དུ་མཇལ་འཕྲད་གནང་གི་རེད་ཅེས་གསུངས་ཡོད་པ་རེད། ཁྲའོ་མེ་ལི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཚ་བོ་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་སྤྱི་འཐུས་གནང་མཁན་མཁས་གྲུབ་ལགས་ཀྱི་སྐུ་ཟླ་ཡིན་པ་རེད། རྒྱལ་ས་ཐའེ་ཕེ་ནང་དུ་ཡོད་པའི་བོད་གཞུང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་གསུངས་པར་གཞིགས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་སུམ་ཅུ་རེས་གཟའ་སྤེན་པའི་ཕྱི་དྲོ་ཐའེ་ལྦན་དུ་ཞབས་སོར་འཁོད་གནང་རྒྱུ་དང་ཉིན་གྲངས་ལྔའི་རིང་ཐའེ་ལྦན་ལྷོ་ཕྱོགས་ཁུལ་དུ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཕོག་ཡུལ་དུ་གཟིགས་ཞིབ་ཏུ་ཆིབས་བསྒྱུར་གྱི་མཛད་འཆར་ཁག་ཡོད་པ་དང་དེ་ནས་ཐའེ་ལྦན་གྱི་བྱང་ཕྱོགས་ཐའོ་ཡོན་དུ་ཆིབས་བསྒྱུར་གནང་སྟེ་གསུང་བཤད་ཀྱི་མཛད་འཆར་ཁག་ཅིག་གྲུབ་པའི་རྗེས་ཕྱི་ཟླ་དགུ་པའི་ཚེས་བཞི་ཉིན་རྒྱ་གར་ཏུ་ཆིབས་བསྒྱུར་བསྐྱང་གི་ཡོད་པ་རེད། ད་དུང་ཐའེ་ལྦན་སྲིད་འཛིན་མ་དབྱིང་ཇུ་ཡི་ལས་ཁང་གི་སྤྱི་ཚོགས་ལས་དོན་ཁང་གི་སྤྱི་ཁྱབ་འགན་འཛིན་ཨེ་ཌི་ཚའེ་ཡིས་གཟའ་འཁོར་རྗེས་མར་༸གོང་ས་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་བསྒྱུར་བསྐྱང་སྟེ་རང་འབྱུང་གི་གནོད་འཚེ་བྱུང་བའི་མི་དམངས་ཚོར་མཇལ་ཁ་གནང་བའི་སྐབས་སྲིད་འཛིན་མ་དབྱིང་ཇུ་ཡང་དེར་ཕེབས་སྲིད་པ་བརྟེན་སྐབས་དེར་དབུ་ཁྲིད་རྣམ་གཉིས་ས་གནས་གཅིག་ཏུ་མཇལ་འཕྲད་ཡོང་སྲིད་པའི་འགྲེལ་བརྗོད་གནང་ཡོད་པ་རེད།