རི་བོ་ཇོ་མོ་གླང་མའི་མཐོ་སྒང་གི་འཁྱགས་རོམ་ཆུང་དུ་ཕྱིན་འདུག
2014.04.25
རི་བོ་ཇོ་མོ་གླང་མའི་མཐོ་སྒང་གི་འཁྱགས་རོམ་དེ་སྔ་ལས་བརྒྱ་ཆ་བཅུ་ཙམ་ཆུང་དུ་ཕྱིན་ཡོད་པ་རྒྱ་ནག་གི་ཞིབ་འཇུག་པས་བཤད་འདུག
དེ་ཡང་ཚེས༢༣ཉིན་རྒྱ་ནག་ཚན་རིག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་Kang Shichangགྱིས་བཤད་པའི་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་ཚན་རིག་ཞིབ་འཇུག་ཁང་གི་བོད་ནང་ཡོད་པའི་ཡན་ལག་ཚན་པ་ཞིག་གིས་འདས་པའི་ལོ་མང་རིང་རི་བོ་ཇོ་མོ་གླང་མའི་རི་རྒྱུད་ཀྱི་འཁྱགས་རོམ་གྱི་འཕེལ་འགྲིབ་ལ་ཞིབ་འཇུག་བརྟག་དཔྱད་བྱས་པའི་གྲུབ་འབྲས་སུ། དེ་སྔ་མི་ལོ་བཞི་བཅུའི་སྔོན་དང་བསྡུར་བ་ཡིན་ན། ད་ཆ་ཇོ་མོ་གླང་མའི་རི་མཚམས་ཀྱི་འཁྱགས་རོམ་བརྒྱ་ཆ་བཅུ་ལྷག་ཙམ་ཆུང་དུ་ཕྱིན་ཡོད་པ་དང༌། ཡང་འཁྱགས་རོམ་ཆུང་དུ་འགྲོ་འགོ་དུས་རབས་ཉི་ཤུ་པའི་ནང་འགོ་ཚུགས་ཡོད་པ་དེ་ལྟར་ཡང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནས་བཟུང་འཁྱགས་རོམ་བཞུར་ཚད་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟའི་ཆར་དེ་སྔ་རྩི་ཤིང་རིགས་རྩ་བ་ནས་སྐྱེ་མི་ཐུབ་པའི་རི་མཚམས་ས་ཁུལ་དུ་རྩི་ཤིང་སྐྱེ་འགོ་ཚུགས་ཡོད་སྐོར་དང༌། ཡང་རི་བོ་ཇོ་མོ་གླང་མའི་མཐོ་སྒང་གི་འཁྱགས་རོམ་དེ་དག་ནི། བོད་ནས་རྒྱུགས་པའི་གཙང་པོ་མང་པོའི་ཆུའི་འབྱུང་ཁུངས་ཡིན་པར་བརྟེན། གལ་སྲིད་འཁྱགས་རོམ་བཞུར་ཚད་དེ་མུར་གནས་པ་ཡིན་ན། གཙང་པོའི་ཆུ་ཡང་ཉུང་དུ་འགྲོ་ཉེན་ཡོད་སྐོར་རྒྱ་ནག་གི་ཚན་རིག་ཞིབ་འཇག་ཁང་གི་ཉམས་ཞིབ་པ་Kang Shichang གིས་བཤད་ཡོད་འདུག
ཉེ་ཆར་ཚེས་༡༨ཉིན་བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་མི་ཀྲར་༦༤༠༠ཙམ་གྱི་རི་ངོས་ནས་གངས་རུད་བྱུང་རྐྱེན་རི་འཛེགས་སྣེ་ཤན་པ་ཤར་པ་༡༣རྐྱེན་འདས་སུ་སོང་བ་དང་། གཞན་གསུམ་བོར་བརླག་སོང་བའི་གནས་ཚུལ་བྱུང་ཡོད།
གསར་འགོད་པ་ངག་དབང་ཆོས་འཕེལ།