ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པར་སྲིད་སྐྱོང་མཆོག་གིས་དགའ་བསུ་ཞུས་འདུག

2023.12.15
ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པར་སྲིད་སྐྱོང་མཆོག་གིས་དགའ་བསུ་ཞུས་འདུག
སྒྲིག་བཟོ།

བོད་ནང་བོད་ཕྲུག་ས་ཡ་བརྒལ་བ་རྒྱ་ནག་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་སྟེ། བོད་མིའི་ཆོས་རིག་གོམས་གཤིས་དང་སྐད་ཡིག་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པར་བརྟེན། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེ་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་དང་།  བཅའ་སྡོད་སློབ་གྲྭའི་སྲིད་ཇུས་དང་འབྲེལ་ཡོད་ཀྱི་རྒྱ་ནག་དཔོན་རིགས་ཚོར།ཕྱི་རྒྱལ་དུ་ཡོང་བའི་ཐོངས་མཆན་བཀག་འགོག་བྱེད་དགོས་པ་སོགས་གསལ་འཁོད་ཀྱི་གྲོས་ཆོད་ཅིག་ཡོ་རོབ་གྲོས་ཚོགས་སུ་སྤྱི་ཟླ་༡༢པའི་ཚེས་༡༤ཉིན་མོར་བཞག་ཡོད་པ་དེས། རྒྱ་ནག་གཞུང་ལ་ཏན་ཏན་ཤུགས་རྐྱེན་ཞིག་ཐེབས་ངེས་རེད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྤྱི་ཟླ་༡༢པའི་ཚེས་༡༥ཉིན་འགྲེལ་བརྗོད་གནང་གི་འདུག

ཕྱི་ཚེས་ ༡༤ ཉིན་དོན་ཚན་བདུན་ཡོད་པའི་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་ཁག་འཛུགས་པ་དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྩ་མེད་བཟོ་ཐབས་ཤིག་ཡིན་པའི་སྐོར་གྲོས་ཆོད་དེའི་ནང་བཀོད་གནང་ཡོད་པ་རེད་འདུག དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ཀྱིས་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་གི་སྐོར་གནས་ཚུལ་ཐེར་འདོན་གནང་བ་བཞིན་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་གཏན་འཇགས་སློབ་གྲྭ་འཛུགས་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་སྐོར་དང་། སྒེར་གཉེར་སློབ་གྲྭ་ཁག་འཛུགས་འཇུག་དགོས་པའི་སྐོར་གྲོས་ཆོད་དེའི་ནང་བཀོད་ཡོད་པ་རེད་འདུག ཡང་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་བོད་ནང་བྱིས་པ་རྣམས་རྒྱ་བསྒྱུར་བྱེད་ཐབས་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་ཡོད་པའི་སྐོར་དང་། གཏན་འཇགས་སློབ་གྲྭ་དེ་དག་འཛུགས་རྒྱུའི་ཐོག་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་མིའི་དཔོན་རིགས་ཁག་ལ་ཨ་མི་རི་ཀའི་གཞུང་གིས་ཝི་ས་མཐོང་མཆན་མི་སྤྲོད་རྒྱུའི་ཉེས་ཆད་བཀལ་བ་བཞིན་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལྟར་ཕྱག་བསྟར་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། 

གཞན་ཡང་སྲིད་སྐྱོང་མཆོག་ནས་སློབ་གྲྭའི་སྐད་ཡིག་དེ་གནས་སྟངས་གཅིག་དང་།  དེ་ལས་ཛ་དྲག་པོ་ཅིག་ནི་མཐོ་སློབ་སློབ་འཇུག་གི་ཡིག་ཚད་ཆ་ཚང་བོད་ཡིག་ནང་མེད་པར་རྒྱ་ཡིག་ནང་བཟོ་བཞིན་པ་དེས།  མ་འོངས་པར་བོད་ཕྲུག་ཚོས་བོད་ཡིག་སྦྱངས་པ་ཡིན་ནའང་། མཐོ་སློབ་དུ་ཞུགས་པར་དཀའ་ངལ་མང་པོ་ཞིག་འཕྲད་ངེས་ཡིན་པ་རང་བཞིན་གྱིས་གསལ་བོ་ཆགས་ཡོད་པས། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་དེ་ཡོ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་གི་ངོས་ནས། སྲིད་བྱུས་ལས་གཞི་ཁག་ལག་བསྟར་ཚད་ལྡན་བཟོ་ཐུབ་ན། གནོན་ཤུགས་དེའི་འོག་ནས་རྒྱ་ནག་གཞུང་གིས་བསམ་བློ་མི་གཏོང་རང་བཏང་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་སྲིད་སྐྱོང་མཆོག་གིས་གྲོས་ཆོད་བཞག་ཐུབ་པ་ནི་འདས་པའི་ལོ་གཅིག་ལྷག་གི་རིང་། དོན་གཅོད་ལས་ཁུངས་སོགས་ཀྱིས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་དང་། ད་ལྟའི་གྲོས་ཆོད་འདི་ནི་ངོ་བོ་གཅིག་དང་དེའི་རྗེས་ལ་ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་ལོ་རྒྱུས་དང་གནས་བབ་སོགས་ལ་གྲོས་ཆོད་འཇོག་ཐུབ་ཐབས་དང་། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐད་ད་ལྟའི་འདིར་ཚིག་སྙིང་བསྡུས་ཤིག་མ་གཏོགས་མེད་སྟབས།  དེ་ཚོ་ཁ་གསལ་ཆགས་པའི་གྲོས་ཆོད་འཇོག་ཐུབ་པར་ང་ཚོས་མུ་མཐུད་འབད་བརྩོན་ཞུ་རྩིས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡོ་རོབ་གྲོས་ཚོགས་སུ་གྲོས་ཆོད་བཞག་ཐུབ་པ་དེ་ནི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ལམ་སྟོན་འོག་སྦེལ་ཇམ་དོན་གཅོད་ཀྱིས་གཙོ་འགན་བཞེས་ཏེ་འདས་པའི་ལོ་གཅིག་རིང་དཀའ་ལས་བརྒྱབས་ཏེ་ཡོ་རོབ་མཐུན་ཚོགས་ཀྱི་བོད་ཀྱི་གྲོགས་པོ་རྣམས་དང་མཉམ་རུབ་ཀྱིས་བྱུང་བ་ཞིག་དང་། གྲོས་ཆོད་དགོངས་དོན་ཡོ་རོབ་མཐུན་ཚོགས་ཀྱི་མངའ་ཁོངས་སུ་ཡོད་པའི་རྒྱལ་ཁབ་༢༧ནས་ངེས་པར་དུ་ལག་བསྟར་གནང་དགོས་སུ་གྱུར་ཡོད་པར་བརྟེན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཆོད་དེར་སྔ་ཕྱིར་དཀའ་ལས་བརྒྱབས་མཁན་ཚང་མར་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་མ་ཟད། རྒྱ་ནག་དམར་གཞུང་གི་ལས་བྱེད་པ་སྤྱི་དང་ཁྱད་པར་བོད་རིགས་ལས་བྱེད་པ་སོགས་ཀྱིས། དམར་ཤོག་ལ་ཡིད་ཆེས་བློ་གཏད་ཀྱི་རྣམ་འགྱུར་བསྟན་ཆེད། མཚམས་རེར་གོང་རིམ་གྱི་བཀའ་བཀོད་ལས་ལྷག་ཅིག་བྱས་བསྡད་པ་ཚོས་གཟབ་གཟབ་མ་བྱས་ན། སོ་སོའི་ཕྲུག་གུ་རྣམས་ཕྱི་རྒྱལ་དུ་སློབ་འཇུག་སོགས་ཀྱི་སྐབས། གྲོས་ཆོད་དགོངས་དོན་ལག་བསྟར་གྱིས་ཉེས་ཆད་བཏང་ན་སོ་སོ་ལ་གྱོང་གུན་ཕོག་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག  ཡོ་རོབ་གྲོས་ཚོགས་ཀྱི་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་དང་འབྲེལ་བའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་དེར་གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༤༧༧ ཡིས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༡༤ ཡིས་དེར་ངོ་རྒོལ། གཞན་འཐུས་མི་གྲངས་ ༤༥ ཡིས་བར་བཞུགས་གནང་ཡོད་པ་རེད་འདུག།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎