ཡོ་རོབ་གསར་འགོད་པའི་མཐུན་ཚོཌ་ནས་རྒྱ་ནག་ལ་སྐྱོན་བརྗོད།
2010.12.04
༄༅༎རྒྱ་ནག་གཞུང་གིས་ཡུལ་དེའི་ནང་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་བསྟོད་ཀྱི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོའི་གནས་ཚུལ་འགྲེམ་སྤེལ་བྱེད་མི་ཆོག་པའི་བཀག་རྒྱ་དེར། ཡུ་རོབ་གསར་འགོད་པའི་མཐུན་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་ཡང་ཡུ་རོབ་གསར་འགོད་པའི་མཐུན་ཚོགས་ཟེར་བ་དེ་ནི། ཡུ་རོབ་ཀྱི་རྒྱལ་ཁབ་༧༥འི་གཞུང་འབྲེལ་གསར་འགོད་པ་དང༌དེ་བཞིན་རྒྱལ་ཁབ་༥༦ནས་གཞུང་འབྲེལ་མིན་པའི་གསར་འགོད་པ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་ཞིང༌། མཐུན་ཚོགས་དེ་ཡིས་འདི་ཚེས་༣ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་ཡུལ་དེའི་གསར་འགོད་པ་རྣམས་འདི་ལོའི་ནོ་སྦེལ་བྱ་དགའི་མཛད་སྒོར་བསྐྱོད་མི་ཆོག་པ་བཟོས་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་ལས་ཁང་ཁག་གི་ཐོག་ལའང་གནོན་ཤུགས་སྤྲོད་བཞིན་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང༌། དེ་བཞིན་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་གསར་འགོད་པ་ཡོངས་རྫོགས་གློད་འགྲོལ་གཏོང་དགོས་པ། རྒྱ་ནག་གཞུང་གིས་ཡུལ་དེའི་མི་སེར་ཚོར། རྒྱལ་ནང་དང་རྒྱལ་སྤྱིའི་གནས་ཚུལ་རྣམས་རང་དབང་ཐོག་ནས་བལྟ་ཀློག་བྱེད་བཅུག་གི་མེད་པ་དེ་ནི། བློ་ཚབས་ཆེན་པོ་སྐྱེ་གཞིའི་ཐབས་སྡུག་གི་བྱེད་སྟངས་ཤིག་ཡིན་པའི་སྐྱོན་བརྗོད་གནང་འདུག