ཡོ་རོབ་བོད་མིའི་ཚོགས་ཆེན་ཐེངས་གཉིས་པ།
2010.10.19
༄༅༎ཟླ་བ་འདིའི་ཕྱི་ཚེས་༡༦དང་༡༧ཉིན་གཉིས་རིང་ཡོ་རོབ་བོད་མིའི་ཚོགས་ཆེན་ཐེངས་གཉིས་པ་ཕེ་རེན་སིའི་རྒྱལ་ས་པེ་རི་སི་དུ་སྐོང་ཚོགས་གནང་སྟེ། ཆབ་སྲིད་དང་ཤེས་ཡོན། བོད་དོན་ལས་འགུལ་སྤེལ་རྒྱུ་ཆིག་སྒྲིལ་ནུས་པ་འདོན་སྤེལ་བྱེད་ཕྱོགས་སྐོར་ལ་གྲོས་ཆོད་ཀྱང་བཞག་ཡོད་པ་རེད།
ཡོ་རོབ་བོད་མིའི་ཚོགས་ཆེན་དེ་ནི་ལོ་གཉིས་རེའི་ཐོག་ཐེངས་རེར་ཚོགས་སྲོལ་ཡོད་པ་དང༌། ལྷན་ཚོགས་དེའི་དམིགས་ཡུལ་ནི། བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་མི་ཉམ་རྒྱུན་འཛིན་དང་སླར་གསོ་དར་འཕེལ་གཏོང་རྒྱུའི་ཆེད་དུ། ཡོ་རོབ་ཁུལ་གྱི་བོད་མི་ཚོར་བོད་ཀྱི་སྐད་ཡིག་དང༌། རིག་གཞུང། དམངས་གཙོའི་ལམ་ལུགས། ཁྲིམས་ལུགས་དབང་འཛིན་གྱི་ཤེས་བྱ་ཁག་ངོ་སྤྲོད་གནང་རྒྱུ། ས་གནས་ཡུལ་མི་དང་མཐུན་ལམ་ཡོང་ཐབས་བྱེད་རྒྱུ་སོགས་ཡིན་ཞིང༌། ཐེངས་དེའི་ཚོགས་འདུའི་ཐོག་ཡོ་རོབ་རྒྱལ་ཁབ་ཁག་༡༢ནས་ཚོགས་བཅར་བ་སྐུ་ཚབ་ཕེབས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་ནང༌། སྤྱི་ནོར་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞིར་ཡོ་རོབ་བོད་མི་ཡོངས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་དང༌། ཡོ་རོབ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་གྱི་སྒོ་ནས་རང་གཞུང་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱ་རྒྱུ། རྒྱ་ནག་གཞུང་གིས་བོད་ནང་དུ་འཛིན་པའི་སྲིད་ཇུས་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱེད་རྒྱུ། རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་ནང་དབྱེན་སྦྱོར་དཀྲུག་ཤིང་དང་ནང་ཁུལ་ཕན་ཚུན་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བཞིན་པའི་དུས་སྐབས་དེར་། ཡོ་རོབ་ཁུལ་དུའང་རྒྱ་ནག་གཞུང་ཚབ་ལས་ཁང་ཚོས་ དུས་ཆེན་སྐབས་མཛད་སྒོ་ཁག་དང་ཐུགས་སྤྲོིར་བོད་མི་གདན་ཞུ་བྱས་ཏེ་བོད་མི་མགོ་སྐོར་སླུ་བྲིད་ཀྱི་དྲིལ་བསྒྲགས་དང་ སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱ་རྒྱུ་སོགས་ཆབ་སྲིད་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཞུས་ཡོད་པ་རེད། དེ་ནས་ཤེས་ཡོན་ལས་རིམ་ནང༌། ཡོ་རོབ་རྒྱལ་ཁབ་ཁག་ནང་དུ་འཚར་ལོངས་བྱེད་བཞིན་པའི་བོད་པ་མི་རབས་གསར་པ་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུར་དམིགས་ཏེ། བོད་མིའི་ཚོགས་པ་ཁག་གི་འགན་འཛིན་དང། དགེ་རྒན། ལས་བྱེད་པ་སོགས་སློབ་གསོའི་ལས་དོན་དང་འབྲེལ་ཡོད་རྣམས་ལོ་གཉིས་རེའི་ཐོག་སྤྱི་ཁྱབ་ཚོགས་འདུ་སྐོང་ཚོགས་བྱས་ཏེ། ཤེས་ཡོན་གྱི་ལས་དོན་ཡར་རྒྱས་དང་ཚགས་ཚུད་ཡོང་ཐབས་འབད་བརྩོན་བྱ་རྒྱུ་སོགས་དོན་ཚན་ཁག་བདུན་ཐོག་སྤྱི་མོས་བྱུང་བ་དང༌། དེ་བཞིན་བོད་མིའི་རྒྱལ་དོན་མ་དངུལ་བསྡུ་ཕྱོགས་དང༌། ཆབ་སྲིད་ཀྱི་ལས་འགུལ་གྱི་ནུས་པ་ཆེ་རུ་གཏོང་ཕྱོགས། མཉམ་འབྲེལ་གྱི་ལས་འགུལ་སྤེལ་ཕྱོགས་གྲོས་ཆོད་ཁག་ཅིག་བཞག་གནང་ཡོད་པ་རེད།