ཡུ་རོབ་སྤྱི་འཐུས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཧྥརནསི་ཕྱི་སྲིད་དཔོན་རིགས་གཉིས་དང་ལྷན་དུ་མཇལ་འཕྲད་ཞུས་འདུག

2022.01.22
ཡུ་རོབ་སྤྱི་འཐུས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཧྥརནསི་ཕྱི་སྲིད་དཔོན་རིགས་གཉིས་དང་ལྷན་དུ་མཇལ་འཕྲད་ཞུས་འདུག ཡུ་རོབ་སྤྱི་འཐུས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཧྥརནསི་ཕྱི་སྲིད་ལྷན་ཁང་ཁྱབ་ཁོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་པ་ལྕམ་ Delphine Borione མཆོག་དང་མཇལ་འཕྲད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།


ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༡ ཉིན་མོར་ཡུ་རོབ་སྤྱི་འཐུས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས་དང་ཧྥ་རན་སིའི་ལྷག་དཀར་ཚོགས་པའི་ཚོགས་གཙོ་ལྕམ་ Céline Menguy རྣམ་གཉིས་ཕརེནསི་ཕྱི་སྲིད་ལྷན་ཁང་གི་ཨེ་ཤཱ་ཡའི་ཚན་པའི་འགན་འཛིན་ལྕམ་ Mathilde TISON མཆོག་དང་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་པ་ལྕམ་ BORIONE རྣམ་གཉིས་དང་ལྷན་མཇལ་འཕྲད་བྱུང་ཡོད་འདུག མཇལ་མོལ་སྐབས་སུ་ཕྱི་སྲིད་ལྷན་ཁང་ཁྱབ་ཁོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་པ་ལྕམ་ Delphine Borione མཆོག་གིས་གསུངས་དོན་། ཧྥ་རེནསི་གཞུང་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བོད་ནང་གི་གནས་བབ་ལ་ཐུགས་སྣང་དང་གཟིགས་ཞིབ་ནན་པོ་བྱེད་བཞིན་ཡོད་ཅེས་གསུངས་པ་མ་ཟད། མ་འོངས་པར་ཧྥ་རེནསིའི་གཞུང་གིས་འཕྱར་གྲུ་མཉམ་འདེགས་ཀྱི་བོད་དོན་ཐོག་ཏུ་མུ་མཐུད་དེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།
དེ་ནས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཞུ་དོན་ལ། ད་ལྟ་བོད་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་རིག་གནས་གསར་བརྗེའི་ལས་འགུལ་གསར་བ་ཞིག་གི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་དང་། བོད་ཀྱི་ས་ཁུལ་ཡོངས་སུ་རྒྱ་མིའི་རྩ་ཁྲིམས་ཀྱི་གནས་བབ་དང་འཛིན་སྐྱོང་གི་བགོས་བཞག་བྱས་སྟངས་ཀྱི་ཐད་ནས་མིང་བཏགས་པས་རང་སྐྱོང་ལྗོངས་སམ་རང་སྐྱོང་ཁུལ་ཡང་ན་རང་སྐྱོང་རྫོང་བཅས་མིང་འདྲ་ཆགས་པོ་དེ་འདྲ་མང་པོ་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་བོད་མི་ཚོར་ལག་ལེན་གྱི་ཐོག་ལ་ཆབ་སྲིད་དང་དཔལ་འབྱོར་ཁྲིམས་ལུགས་གསུམ་གང་ཅི་ཐད་ལ་རང་སྐྱོང་གི་འགན་དབང་རྩ་བ་ཉིད་ནས་མེད་པ་སོགས་དངོས་ཡོད་གནས་སྟངས་ཁག་ངོ་སྤྲོད་ཞུས་ཡོད་འདུག
ལྷག་པར་དུ་ཡོ་རོབ་སྤྱི་འཐུས་ངོས་ནས་ཧྥ་རེནསིའི་ཕྱི་སྲིད་དཔོན་རིགས་ལ་གནས་ཚུལ་ངོ་སྤྲོད་ཞུས་པའི་ནང་། ཕྱི་ལོ་ ༢༠༠༩ ནས་བཟུང་སྟེ་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ལ་ལྟ་སྟངས་ངན་པ་བཟུང་སྟེ་བོད་ཀྱི་སྐད་ཡིག་འཆད་སྤེལ་ལ་དམ་བསྒྲགས་བྱེད་འགོ་བརྩམས་པ་དང་། དཔེར་ན་ཉེ་བའི་ཆར་བོད་ནང་དུ་བོད་ཡིག་སློབ་འཁྲིད་བྱེད་སའི་སྒེར་གཉེར་སློབ་གྲྭ་ཁག་གཅིག་སྒོ་རྒྱག་བཅུག་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཡང་དམ་བསྒྲགས་དང་དགེ་འདུན་པའི་གྲྭ་ཤག་གཏོར་བཤིག་གིས་གྲྭ་བཙུན་བརྒྱ་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པའི་སྐོར། དེ་བཞིན་ འདས་པའི་ཟླ་གཅིག་ཙམ་སྔོན་ལ་བོད་ནང་དུ་ཁམས་བྲག་སྒོ་ས་གནས་སུ་སྟོན་པའི་སྐུ་འདྲ་ཆེན་པོ་ཞིག་ས་གནས་མི་མང་གི་མདུན་སར་གཏོར་བཤིག་བཏང་ཡོད་པ་མ་ཚད་དགེ་འདུན་པ་ཉི་ཤུ་ལྷག་ནང་བསྟན་སློབ་གླིང་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་་གསལ་བཤད་ཞུས་ཡོད་པ་དང་། ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་གཙོས་བོད་ནང་གི་བཙོན་པའི་མཚན་གཞུང་ཞིག་ཕུལ་གནང་ཡོད་འདུག ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ད་རེས་ཧྥ་རེནསིའི་གཞུང་གི་ཕྱི་སྲིད་དཔོན་རིགས་དང་མཇལ་འཕྲད་ཞུས་པ་དེ་ཐོག་མ་ཆགས་ཀྱི་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་གི་འདུག
གསར་འགོད་པ། འཆི་མེད་ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎