ཡོ་རོབ་སྤྱི་མཐུན་ལྷན་ཁག་གི་སྤྱི་ཁྱབ་པས་རྒྱ་ནག་ལ་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ།
2008.04.22
༄༅༎ཡོ་རོབ་སྤྱི་མཐུན་ལྷན་ཁང་གི་སྤྱི་ཁྱབ་སྐུ་ཞབས་ ཧོསེ་ མེ་ནིཡུཝེལ་ བྷརོསོ་ གཟའ་ཕུར་བུའི་ཉིན་་ པེ་ཅེང་དུ་ཕེབས་སྐབས་རྒྱ་ནག་གི་དབུ་ཁྲིད་རྣམས་དང་བོད་དོན་གྱི་གནད་དོན་ཐད་བཀའ་བསྡུར་གནང་རྒྱུ་དང་ཆབས་གཅིག ཡོ་རོབ་དང་རྒྱ་ནག་གི་ཚོང་འབྲེལ་རྒྱ་སྐྱེད་གཏང་ཐབས་སྐོར་ཡང་བཀའ་བསྡུར་གནང་རྒྱུ་ཡིན་འདུག
སྐུ་ཞབས་ བྷརོསོས་ དབུ་འཁྲིད་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཡུལ་གྲུ་ཆེ་ཁག་གི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་
དུ་རེས་གཟའ་ཕུར་བུ་དང་པ་སངས་བཅས་ཉིན་གྲངས་གཉིས་རིང་འཚམས་གཟིཊ་གནང་རྒྱུ་ཡིན་པ་རེད།
འདི་ལོ་ཕྱི་ཟླ་བཞི་པའི་ཟླ་འགོར་ཡོ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་ཨོ་ལིམ་པིཀ་ཀྱི་རྩེད་འགྲན་འགོ་འཛུགས་མ་བྱེད་གོང་། ༧གོང་ས་མཆོག་དང་གྲོས་མོལ་མ་ཞུས་ཚེ་ཡོ་རོབ་ཡུལ་གྲུ་ཁག་གི་དབུ་ཁྲིད་རྣམ་པ་ཕྱི་ཟླ་བརྒྱད་པའི་ཚེས་ ༨་ ཉིན་གྱི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོའི་ཐོག་ཕེབས་རྒྱུ་མེད་པའི་གྲོས་ཆོད་ཅིག་བཞག་ཡོད་པ་རེད། གཟའ་ཕུར་བུའི་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་པ་རྒྱ་ནག་ཏུ་ཕེབས་སྐབས། ཡོ་རོབ་ཀྱི་བཟོ་ལས་རྒྱ་ནག་གི་ཚོང་རྭ་ཆེན་པོ་དེའི་ནང་རྒྱ་སྐྱེད་འབྱུང་ཐབས་ཐད་བཀའ་བསྡུར་གནང་རྒྱུ་དང་ཆབས་གཅིག བོད་དོན་སྐོར་ཡང་གླེང་སློང་གནང་རྒྱུ་དེས། ཡོ་རོབ་ཀྱིས་རྒྱ་ནག་ནང་ཚོང་ལས་རྒྱ་སྐྱེད་ཀྱི་ལས་དོན་ལ་དོ་ཕོག
མི་འབྱུང་བའི་འབད་བརྩོན་གནང་ཐབས་གནང་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་གཟའ་ཟླ་བའི་ཉིན་ཡོ་རོབ་མཐུན་ཚོགས་མགྲིན་ཚབ་པ་ ཇོཧནིས྄་ ལེ་ཊེན་བྷ་ཇར་ གྱིས་མཐུན་ཚོགས་ཀྱི་སྤྱི་ཁྱབ་པ་སྐུ་ཞབས་་ བྷརོསོ་ཡིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་སྲིད་བློན་ཝན་ཇིཡ་བའོ་སོགས་མཇལ་སྐབས་འགྲོ་བ་མིའི་ཐོབ་ཐང་དང་རྣམ་འགྱུར་གྱི་རང་དབང་སོགས་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་གི་རེད་ཅེས་དང་། ཉེ་བའི་ཆར་བོད་ནང་བྱུང་བའི་གནད་དོན་འདི་དག་གིས་ད་དུང་རྒྱ་ནག་གི་དབུ་ཁྲིད་རྣམས་དང་གནད་དོན་འདིའི་སྐོར་བཀའ་མོལ་ཞུ་རྒྱུར་ང་ཚོར་རྒྱུ་མཚན་སྣོན་མ་ཞིག་བྱུང་བ་རེད་ཅེས་གསུངས་འདུག།