ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་བོད་དུ་ཕེབས་ཐུབ་པའི་རེ་བ་གནང་བཞིན་ཡོད་འདུག
2020.09.15
ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གྱིས་འདི་ལོའི་ལོ་མཇུག་ཏུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཚོགས་འདུ་ཚོགས་རྒྱུ་ངེས་པ་དང་། བོད་དུ་ཡང་རྟོག་ཞིབ་ལྟ་སྐོར་དུ་ཕེབས་ཐུབ་པའི་རེ་བ་ཡོད་པ་གསུངས་འདུག
ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་དབུ་ཁྲིད་རྣམ་པའི་དྲ་ཐོག་གི་ཆེས་མཐོའི་ལྷན་ཚོགས་ཤིག་གནང་འདུག་ཅིང་། བོད་དང་ཤར་ཏུར་ཀིསི་ཐན། ཧོང་ཀོང་སོགས་ཀྱི་གནད་དོན་ཐད་གྲོས་མོལ་གནང་འདུག
འདི་ནི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་གལ་འགངས་ཆེ་བའི་ལྷན་ཚོགས་ཤིག་ཡིན་ཞིང་། ཡོ་རོབ་མཐུན་ཚོགས་ཀྱི་ད་ལྟའི་གཙོ་འཛིན་(Charles Michel)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ནས་གཙོ་སྐྱོང་ཐོག་ཇར་མན་གྱི་སྲིད་བློན་ལྕམ་ཨན་ཁེ་ལ་མར་ཀེལ་ལ་སོགས་པ་ཡོ་རོབ་ཀྱི་དབུ་ཁྲིད་ཁག་ལྷན་བཞུགས་གནང་འདུག ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཅརལསི་མི་ཁྴེལ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོད་པའི་ལྷན་ཚོགས་དེའི་སྐབས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་གསར་འགོད་པ་ཚོར་གདོང་ལེན་བྱེད་ཕྱོགས་ཐད་ཐུགས་འཚབ་ཡོད་པ་གསུངས་ཡོད་པ་དང་། ལྷག་པར་དུ་ཁོང་གིས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཞུང་དབར་གྱི་རྒྱུན་ལྡན་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བགྲོ་གླེང་ཚོགས་འདུ་དེ་འདི་ལོའི་ཕྱི་ཟླ་ ༡༢ ་པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུར་མོས་མཐུན་བྱུང་བ་གསུངས་པ་དང་སྦྲགས། སྐབས་དེ་དུས་བོད་དུ་ཡང་རྟོག་ཞིབ་བལྟ་སྐོར་ཞིག་ཏུ་འགྲོ་ཐུབ་པའི་རེ་བ་ཡོད་པ་གསུངས་འདུག
ཕྱི་ཟླ་ ༩ ཚེས་ ༡༤ ཉིན་གནང་པའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་འདི་ནི་ཐེངས་ ༢༣ པ་དེ་ཡིན་ཞིང་། ཚོགས་ཐེངས་ ༢༢ པ་དེ་འདི་ལོ་ཕྱི་ཟླ་ ༦ ནང་གནང་ཡོད་པ་རེད།