བོད་ཀྱི་ཛ་དྲག་གནས་སྟངས་་ལ་སེམས་འཚབ།
2012.03.14
༄༅༎ཁ་ས་ཡུ་རོཔ་མཉམ་སྦྲེལ་མཐུན་ཚོགས་དང༌། དབྱིན་ཡུལ། ཕ་རེན་སི། ཇར་མ་ཎི་དང་ཨ་མི་རི་ཀ་བཅས་ཀྱིས་ ཇེ་ནི་ལྦའི་ནང་ཚུགས་བཞིན་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩པའི་སར་ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡོད་པ་ཐེར་འདོན་གནང་བཞག།
ལྷན་ཚོགས་ཐོག་ མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་དོ་སྣང་གནང་དགོས་སའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ངག་ཐོག་སྐར་མ་གསུམ་གྱི་གཏམ་བཤད་དུས་ཚོད་སྐབས། ཡུ་རོཔ་མཉམ་སྦྲེལ་མཐུན་ཚོགས་དང༌། ཕ་རེན་སི། དབྱིན་ཡུལ། ཇར་མ་ཎི་དང་ཨ་མི་རི་ཀ་བཅས་ཀྱི་སྐུ་ཚབས་རྣམ་པ་ཚོས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཐུགས་འཚབ་གསལ་བཏོན་གནང་འདུག།
ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་ནས། བོད་མི་གནས་སྡོད་ས་གནས་། ལྷག་པར་དུ་ཟི་ཁྲོན་ཞིང་ཆེན་ཁུལ་ རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པར་ང་ཚོ་བློ་འཚབས་ཆེན་པོ་འདུག་ཅེས་གསུངས་པ་དང༌། ཉེ་བའི་ཆར་
ཟི་ཁྲོན་ཞིང་ཆེན་ཁུལ་བོད་མི་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་ཐོག་རྒྱ་གཞུང་གིས་དྲག་གནོན་ཆེན་པོ་བྱས་པའི་རྐྱེན་གྱིས་བོད་མི་མང་པོར་རྨས་སྐྱོན་དང་མང་པོར་སྲོག་སྐྱོན་བཏང་བའི་གནས་ཚུལ་བྱུང་བ་དེར་ང་ཚོ་ཧང་སང་སོང་ཞེས་གསལ་བཏོན་དང་འབྲེལ། ཡུ་རོཔ་མཉམ་སྦྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ བོད་ནང་གི་དགེ་འདུན་པ་ཐེ་པའི་བོད་མི་ཡོངས་ལ་འགོག་རྐྱེན་མེད་པའི་སྒོ་ནས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ཆོས་ལུགས་སྲུང་བརྩི་བྱེད་བའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་རྒྱུའི་འབོད་སྐུལ་གནང་བཞག།
ཕ་རེན་སི་སྐུ་ཚབ་ནས་ ཆོས་དད་རང་དབང་ལ་དུས་རྟགས་ཏུ་རྒྱབ་སྐྱོར་གནང་མཁན་ཕ་རེན་སི་རྒྱལ་ཁབ་ཀྱིས་ དེང་སྐབས་བོད་ནང་བོད་མི་གཞོན་སྐྱེས་མང་པོས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་གི་ཡོད་པ་དེར་བློ་འཚབ་ཧ་ཅང་ཆེན་པོ་གནང་གི་ཡོད་སྐོར་གསུངས་འདུག།
དེ་བཞིན་དབྱིན་ཡུལ་ནས་ཀྱང་རྒྱ་ནག་ལ། ཡུལ་མི་ཚོའི་སྤྱི་དམངས་ཐོབ་ཐང་དང་ཆབ་སྲིད་དང་རིག་གཞུང་ཐོབ་ཐང་སྲུང་སྐྱོབ་ངེས་པར་བྱེད་དགོས་པའི་ཁར། བོད་ནང་གི་ཞི་བའི་ངོ་རྒོལ་ཐོག་དྲག་ཤུགས་བེད་སྤྱོད་བྱེད་ཀྱི་ཡོད་པར་བློ་འཚབ་གསལ་བཏོན་གནང་བཞག། དེ་བཞིན་ཇར་མ་ཎིའི་སྐུ་ཚབ་ཀྱིས་ ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་གསལ་བཏོན་གནང་བར་ཇར་མ་ཎིས་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་འདུག།
ཨ་མི་རི་ཀས་རྒྱ་ནག་གཞུང་ལ། བོད་ནང་གི་བོད་མི་དང༌། ཤིན་ཅང་ཡུ་གུར་མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་ལ་སྣང་ཆུང་ཁྱད་གསོས་བྱེད་བའི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་བྱ་དགོས་རྒྱུའི་འབོད་སྐུལ་ནན་ཆེ་གནང་འདུག།
དེ་རིང་ཕྱི་ཚེས་༡༤པའི་སྔ་དྲོ་ བོད་ཨ་མདོ་རེབ་གོང་རྩེ་ཁོང་རྫོང་ནས་ སློབ་ཕྲུག་དང་་མི་མང་བཞི་སྟོང་ལ་ཉེ་བས་ཡར་ལངས་སྐད་འབོད་གནང་བའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་སོང༌། མང་ཚོགས་ཀྱིས་སྐད་འབོད་གནང་སྐབས་ མི་རིགས་འདྲ་མཉམ་དང༌། སྐད་ཡིག་རང་དབང་དགོས་ཅེས་འབོད་ཚིག་སྒྲོགས་ཡོད་པ་རེད།