བོད་རྒྱའི་འབྲེལ་མོལ་སྐོར་ངོ་སྤྲོད།

བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་རྣམ་པ་གསུམ་ལ་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དང་རྒྱབ་ལྗོངས་སྙིང་དོན་ངོ་སྤྲོད་ཞུས་ཡོད་འདུག

2011.02.03

༄༅༎༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནས་བཙན་བྱོལ་བོད་མིའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་རྣམ་པ་གསུམ་ལ་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དང་རྒྱབ་ལྗོངས་སྙིང་དོན་ངོ་སྤྲོད་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ཟླ་འདིའི་ཚེས་༢རེས་གཟའ་ལྷག་པའི་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་འཁྲོལ་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་གི་ལྷན་དུ་གོ་བསྡུར་ཞུས་རྗེས་༧གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནས་བཞུགས་སྒར་རྡ་རམ་སའི་བོད་གཞུང་བཀའ་ཤག་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བཀའ་ཁྲི་སྐབས་གསུམ་པའི་དངོས་གཞིའི་འོས་མི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ བཀའ་ཟུར་བཀྲིས་དབང་འདུས་ལགས་ བློ་བཟང་སེང་གེ་ལགས་བཅས་འོས་མི་རྣམ་པ་གསུམ་ལ་བོད་རྒྱ་འབྲེལ་མོལ་སྐོར་ངོ་སྤྲོད་ཞུས་ཡོད་པ་རེད་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐོག་མར་ཕྱི་ལོ་༡༩༧༩ལོར་རྒྱ་ནག་གི་འགོ་ཁྲིད་ཏེང་ཤའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གནང་ཆོག་ལུགས་གསལ་འདོན་གནང་པར་བརྟེན་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་འགོ་ཐོག་མ་བྱུང་ཚུལ་རྒྱབ་ལྗོངས་འགྲེལ་བརྗོད་དང་ཕྱི་ལོ་༢༠༠༢ནས་འབྲེལ་ལམ་བསྐྱར་གསོ་བྱུང་པ་ནས་བཟུང་  འབྲེལ་མོལ་ཐེངས་དགུ་དང་ ནང་ལུགས་གྲོས་བསྡུར་ཐེངས་གཅིག་བཅས་ཀྱི་ཚིག་ཐོ་ཁྱོན་བསྡོམས་ཤོག་གྲངས་༦༢༣དང་། རྒྱ་གཞུང་ལ་ཡིག་ཐོག་སྤྲད་པའི་ཡིག་ཆ་གསལ་བཤད་དང་། འགྲེལ་བརྗོད། གསལ་བསྒྲགས་བཅས་ཤོག་གྲངས་༢༠༠ཡི་སྙིང་དོན་འགྲེལ་བརྗོད་གནང་ཡོད་པ་རེད་ ཕྱི་ལོ་༢༠༠༢ནས་བཟུང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་དང་ རྒྱ་ནག་གཞུང་གི་སྐུ་ཚབ་ཚོའི་དབར་འབྲེལ་མོལ་ཐེངས་དགུ་གནང་ཡོད་ཅིང་འབྲེལ་མོལ་ཐེངས་དགུ་པ་དེ་ཕྱི་ལོ་༢༠༡༠ཟླ་༡པོའི་ནང་གནང་ཡོད་པ་བཅས་ངོ་སྤྲོད་ཞུས་འདུག་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎