བོད་རྒྱ་ཁོངས་ཡིན་ཟེར་བའི་འདེམས་སྒྲིགས་ཡིག་ཆར་དགག་བྱ།
2008.12.09
༄༅༎བཙན་བྱོལ་བོད་གཞུང་གི་བདེ་སྲུང་ཉམས་ཞིབ་ལས་ཁུངས་ནས་རྒྱ་ནག་གིས་བོད་རྒྱ་ཁོངས་ཡིན་པ་གྲུབ་ཆེད་བོད་ཀྱི་ལོ་རྒྱུས་ཡིག་ཆ་འདེམས་ བསྒྲིགས་ཞེས་པར་དོན་ཚན་དྲུག་བཅུ་ཅན་གྱི་དགག་ལན་གྱི་དཔེ་དེབ་དབྱིན་ཡིག་ཐོག་གཟའ་མིག་དམར་ཉིན་འགྲེམས་སྤེལ་གནང་ཡོད་འདུག
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་གིས་སོག་པོ་དང་མན་ཇུའི་དུས་སྐབས་ནས་ད་ལྟའི་རྒྱ་ནག་གི་དུས་སྐབས་བར་གྱི་ཡིག་ཆ་དང་དངོས་རྫས་སོགས་རྣམ་གྲངས་མི་འདྲ་བ་བརྒྱ་དང་བདུན་ཙམ་ཕྱོགས་བསྒྲིགས་ཀྱིས་བོད་ནི་རྟག་ཏུ་རྒྱ་ཁོངས་ཡིན་པ་འགྲུབ་རྒྱུའི་འཁྱོག་བཤད་བྱས་ཡོད་པ་རེད་ཅེས་དང་འོན་ཀྱང་རྒྱ་ནག་གིས་སོག་པོ་དང་མན་ཇུ་གཉིས་ནི་རྒྱ་ནག་རྒྱལ་ཁབ་ཀྱང་དབང་བསྒྱུར་བྱེད་མཁན་ཕྱིའི་སྟོབས་ཤུགས་ཁག་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ཡོངས་སུ་རྩིས་མེད་བཏང་ཡོད་པ་གསལ་བཤད་གནང་འདུག
སོག་པོའི་སྟོབས་ཤུགས་ཀྱིས་རྒྱ་ནག་ཕྱི་ལོ་༡༢༧༩ནས་༡༣༦༨བར་དབང་བསྒྱུར་བྱས་ཡོད་པ་དང་མན་ཇུའི་གོང་མས་ཕྱི་ལོ་༡༦༤༤ནས་༡༩༡༡བར་དབང་བསྒྱུར་བྱས་ཡོད་པ་རེད།
རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འདེམས་སྒྲིག་ཅེས་པར་དོན་ཚན་དྲུག་བཅུའི་དགག་ལན་དེ་བཙན་བྱོལ་བོད་གཞུང་གིས་ཐོགས་མར་ཕྱི་ལོ་༢༠༠༠ཐམ་པའི་ལོར་འགྲེམ་སྤེལ་གནང་ཞིང་ཡིག་ཆ་དེ་དབྱིན་ཡིག་ཐོག་བོད་གནས་བསྐྱར་ཞིབ་ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་པད་མ་འཕྲིན་ལས་ལགས་ཀྱིས་ཡིག་བསྒྱུར་གནང་པ་ཞིག་ཡིན་འདུག
བོད་གཞུང་གིས་དགག་ལན་གྱི་ཡིག་ཆ་དེས་རྒྱ་དམག་བོད་ནང་ཕྱི་ལོ་༡༩༤༩ལོར་མ་སླེབས་གོང་བོད་རང་བཙན་གཙང་མ་ཡིན་པ་འགྲུབ་ཐབས་གནང་ཡོད་པ་རེད།