ཨེ་མེ་རཱི་མཐོ་སློབ་དུ་བོད་ཀྱི་ཆོས་དང་རིག་གཞུང༌འགྲེམས་སྟོན།
2009.02.21
༄༅༎ཨེ་མེ་རཱི་དང་བོད་ཀྱི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གསུམ་ནས་ཚེས་ཉི་ཤུ་བརྒྱད་བར་གཟའ་འཁོར་གཅིག་རིང་ཨེ་མེ་རཱི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་ཆོས་དང་རིག་གཞུང༌།སྐུ་ཐང་བཞེངས་སྒྲུབ་ལ་སོགས་འགྲེམས་སྟོན་དང་སློབ་འཁྲིད་གནང་འཆར་འདུག
ཨ་མི་རི་ཀའི་མངའ་སྡེ་ཇོར་ཇི་ཡའི་གྲོང་ཁྱེར་ཨེཏ་ལེན་ཊ་ནང་རྟེན་གཞི་བྱས་པའི་ཨེ་མེ་རཱི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་སྒྱུ་རྩལ་འགྲེམས་སྟོན་ཁང་ནང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གསུམ་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་དང་ཕྱེད་ཀའི་ཐོག་སློབ་ཕྲུག་རྣམས་ལ་བོད་པའི་སྒྲུང་གཏམ་ལྗགས་ཀློག་གནང་རྒྱུ་དང་ཉིན་དགུང་ཨེ་མེ་རཱི་མཐོ་སློབ་ཀྱི་ཁའར་ལོ་སེ་འགྲེམས་སྟོན་ཁང་ནང་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་རྣམས་ཀྱིས་སྣེ་འཁྲིད་འོག་གསང་གསོལ་གནང་རྒྱུ་དང་དེ་ནས་དགོང་དྲོའི་ཕྱག་ཚོད་བདུན་པའི་ཐོག་ནོར་གླིང་བོང་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ཆེད་ཕེབས་གནང་བ་ལྷ་བྲིས་ཆེན་མོ་བསྟན་འཛིན་ནོར་བུ་ལགས་གཙོས་པའི་མི་སྣ་རྣམས་ཀྱིས་བོད་ཀྱི་སྐུ་ཐང་བཞེངས་སྒྲུབ་སྐོར་མང་ཚོགས་ལ་བཀའ་སློབ་གནང་འཆར་ཡོད་པ་རེད། ཕྱི་ཚེས་ཉི་ཤུ་བཞིའི་ཉིན་སྐུ་ཐང་བཞེངས་སྒྲུབ་འགྲེམས་སྟོན་གནང་རྒྱུ་དང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དགེ་འདུན་པ་རྣམས་ཀྱིས་ཆོས་དབྱངས་འདོན་རྒྱུ་དང་སྦོ་སྦི་པེ་ཊར་སེན་ཞུ་བའི་མཉམ་དུ་སྒོམ་སྒྲུབ་གནང་འཆར་འདུག
རེས་གཟའ་ལྷག་པའི་ཉིན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་ཨེ་མེ་རཱི་མཐོ་སློབ་ཀྱི་སློབ་དཔོན་རྣམས་ཀྱིས་བོད་པའི་དགོན་སྡེ་ཁག་ནང་དེང་དུས་ཀྱི་ཚན་རིག་སློབ་འཁྲིད་གནང་སྐབས་དཀའ་ངལ་ཇི་འཕྲད་དང་དེ་བཞིན་དོན་བྲས་ཇི་བྱུང་སྐོར་བཀའ་སློབ་གནང་འཆར་འདུག གོང་དུ་ཞུས་ཟིན་པ་བཞིན་གང་ལྟར་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གསུམ་གཟའ་ཟླ་བའི་ཉིན་ནས་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བདུན་རེས་གཟའ་པ་སངས་བར་བདུན་ཕྲག་གཅིག་རིང་ཨེ་མེ་རཱི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་སློབ་འཁྲིད་གནང་འཆར་ཡོད་པ་རེད། གོང་ཞུས་ལས་དོན་དེ་ནི་གཙོ་བོ་ཨེ་མེ་རཱི་དང་བོད་ཀྱི་མཐུན་ཚོགས་དང་ཤེ་ལི་དང་ཌོ་ནལ་ཌི་རུའུ་སྦིན་ཐེབས་རྩ།དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་།ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་བ་ཞིག་ཡིན་པའི་གནས་ཚུལ་འདུག།