སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ།
2015.06.10

དབུས་འོས་བསྡུ་ལས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་དུས་ཚེས་གསལ་བསྒྲགས་གནང་འདུག
དེ་ཡང་དེ་རིང་ཚེས་༡༠ཉིན་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དབུ་བཞུགས་ཐོག་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས། དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས། དྲུང་གཞོན་བསྟན་འཛིན་ནོར་བུ་ལགས་བཅས་བཞུགས་སྒར་རྡ་རམ་ས་ལའི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཆེད་ཕེབས་གནང་སྟེ་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་༤་པ་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་དོན་ཚན་༣༧་པ་བོད་ཀྱི་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད། བཅའ་ཁྲིམས་དོན་ཚན་༣༧་པའི་དགོངས་དོན་བོད་ཀྱི་ས་ཁུལ་ཆོལ་ཁ་གསུམ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བེུད་གཉིས་རེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ། ལྷོ་བྱང་ཨ་རིར་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ཡོ་རོབ་དང་ཨ་ཧྥེ་རི་ཀ་ཁུལ་གྱི་བོད་མིའི་ཁོངས་ནས་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་ཨེ་ཤི་ཡ་དང་ཨོས་ཀྲེ་ལི་ཡའི་ཁུལ་གྱི་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་བཅས་སྤྱི་འཐུས་རྩ་འབོར་༤༥་ངེས་པ་ཡིན་སྐོར་གསུངས་འདུག ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་༡༦་པའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་འདི་ལོའི་ཕྱི་ཟླ་༡༠་ཚེས་༡༨་སྟེ་གཟའ་ཉི་མའི་ཉིན་གནང་རྒྱུ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༣་ཚེས་༢༠་སྟེ་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུས་སྡོད་ཡོངས་སུ་ཉིན་རྒྱ་དུས་གཅིག་ཏུ་གནང་རྒྱུའི་དུས་ཚེས་གཏན་འཁེལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།