བོད་མི་༨ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་འདུག
2014.08.06

རྒྱ་ནག་གཞུང་གིས་སྡེ་དགེ་ཕྱོགས་ཀྱི་བོད་མི་བརྒྱད་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་བོད་ཀྱི་ས་གནས་མང་པོར་སྤྱི་བདེ་ཉེན་རྟོག་པའི་མངགས་གཏོང་ཁང་མང་དག་ཅིག་གསར་བསྐྲུན་བྱས་ཡོད་པ་ལྟར། སྡེ་དགེ་རྫོང་ཁོངས་གཉན་སྒོར་ཤང་རེག་པ་གྲོང་ཚོ་དང་ཝ་པ་གྲོང་ཚོའི་དབར་ཉེན་རྟོག་པའི་ལས་ཁུངས་ཤིག་གསར་འཛུགས་བྱས་ཡོད་འདུག་པ་དེར་ས་གནས་མི་མང་གིས་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེ་ཐོན་ཡོད་པ་རེད། ཕྱི་ལོ་༢༠༡༢ ཟླ་ ༢ པའི་ཚེས་༢༤ཉིན་སྡེ་དགེ་རྫོང་གཉན་སྒོར་ཤང་རེག་པ་གྲོང་ཚོའི་བཀྲིས་ཟེར་བའི་ན་གཞོན་ཞིག་གིས་འབར་རྫས་བཞག་སྟེ་ཉེན་རྟོག་པའི་ལས་ཁུངས་དེ་འབར་གཏོར་བྱས་རྗེས་ཁོང་རང་ཉིད་ཀྱང་འབར་གཏོར་ཁྲོད་འདས་གྲོངས་སོང་བའི་གནས་ཚུལ་ཐོན་པ་དང་། བཀྲིས་འདས་གྲོངས་སུ་མ་གྱུར་བའི་ཉིན་གཉིས་སྔོན་ངོ་ཤེས་ཁག་ཅིག་ལ་དེང་སྐབས་ས་གནས་སུ་རྒྱ་ནག་གཞུང་གིས་ཉེན་རྟོག་ལས་ཁུངས་གང་བྱུང་བརྒྱབ་པ་མ་ཟད། ཁོང་ཚོས་དྲག་རྩུབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གྱི་འདུག་པས་ངས་དེ་དག་རྩ་མེད་བཟོས་ཏེ་རང་ཉིད་རང་ལུས་མེར་སྲེག་བཏང་སྟེ་རང་སྲོག་བློས་གཏོང་བྱ་རྒྱུ་ཡིན་ཞེས་བཤད་མྱོང་ཡོད་འདུག ད་ཆ་ཁོང་གི་གྲོང་ཚོ་གཅིག་པའི་མི་བརྒྱད་ལ་ཁོང་དང་ངན་པ་ལག་འབྲེལ་ཡོད་པར་བསྙད་དེ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཁོང་རྣམས་ལ་དུས་ཡུན་ལོ་ དགུ་ནས་གསུམ་བར་གྱི་ཁྲིམས་ཐག་བཅད་དེ་ད་ཆ་མི་ཉག་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག དེ་ནི་རང་ལོ་༣༦ཡིན་པའི་ཡེ་ཤེས་ལོ་༩་དང་། འཇིགས་དགའ་ལ་ལོ་ ༤། པདྨ་ནོར་བུ་ལ་ལོ་ ༥། ཚེ་རིང་ཕུན་ཚོགས་ལ་ལོ་༣། རང་ལོ༤༩ཡིན་པ་བུ་རྒོད་ལ་ལོ་ ༣། དགེ་འདུན་ལ་ལོ་༣། ལྷ་བསམ་ལ་ལོ་༣། བསོད་མགོན་ལ་ལོ་༣བཅས་ཚད་གཞི་འདྲ་མིན་གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།