སློབ་གསོ་སྤྲད་ནས་འཇིག་རྟེན་བལྟ་ཚུལ་ལ་འགྱུར་བ་གཏོང་བ།
2012.12.24
དེ་ཡང་གནས་ཚུལ་ནང་དཔེར་མཚོན་ལུང་འདྲེན་བྱས་བ་ལྟར་ན། ལོ་ན་༢༡ཡིན་པའི་རྒྱ་ནག་པ་ཚེ་ཡང་ཟེར་བ་ཞིག་ད་ལོའི་སྤྱི་ཟླ་༩པའི་ནང་ཉི་ཧོང་ལ་ངོ་རྒོལ་གྱི་ལས་འགུལ་ནང་ལྕགས་རྟའི་ཟྭ་སྒྲོག་གིས་ཉོ་ཧོང་གི་བཟོས་པའི་རླངས་འཀོར་སྐོར་མཁན་རྒྱ་ནག་པ་ཞིག་ལ་རྨས་སྐྱོན་བཏང་བའི་རྗེས་སུ་ཁོ་འཛིན་བཟུང་བྱས་བ་དང་། ཁོའི་ཨ་མས་རང་གི་བུ་ཡི་ཉེས་བ་དག་འབུད་བྱེད་སྐབས་བརྗོད་དོན། སློབ་གྲྭའི་ནང་ནམ་རྒྱུན་ཉི་ཧོང་ནི་མི་རིགས་ངན་པ་ཡིན་ཚུལ་སློབ་གསོ་སྤྲོད་ཀྱིན་པ་མ་ཟད། ཉིན་འདི་དག་ལ་བརྙན་འཕྲིན་ཁ་ཕྱེས་བ་ན་ལེ་ཚན་དང་གློག་བརྙན་ཆ་ཚང་ཉི་ཧོང་ལ་འགོག་རྒོལ་གྱི་ནང་དོན་རྐྱང་རྐྱང་ཡིན་པས། ན་གཞོན་ཚོས་རང་བཞིན་གྱིས་ཉི་ཧོང་ལ་སྡང་སེམས་ཆེན་པོ་བྱེད་བཞིན་ཡོད་ཟེར། གོང་གི་ན་གཞོན་གྱིས་རྨས་སྐྱོན་གཏོང་ས་དེ་ཉི་ཧོང་བ་མ་ཡིན་པར་ཉི་ཧོང་གི་རླངས་འཁོར་སྐོར་མཁན་རྒྱ་མི་ཞིག་ཡིན་ནའང་། ན་གཞོན་དེའི་ཨ་མའི་སྐད་ཆར་གནས་ལུགས་མེད་པ་ཞིག་མ་རེད་ཅེས་དབྱིན་ཇིའི་གནས་ཚུལ་ནངབརྗོད་འདུག སྤྱིར་བཏང་རྒྱ་ནག་ནང་སྤྱི་ལོ་༡༩༨༩ལོའིགནམ་བདེ་མོ་ཆེའི་སློབ་མའི་དམངས་གཙོའི་ལས་འགུལ་དང་དེ་སྔོན་གྱི་ཨུ་རུ་སུ་དང་ཡོ་རོབ་ཤར་མའི་སྤྱི་ཚོགས་རིང་ལུགས་རྩ་འཐོར་སོང་བའི་རྗེས་ནས་། རྒྱ་ནག་གི་མགོ་ཁྲིད་ཚོས་རྒྱ་ནག་ནང་གུང་ཁྲན་རིང་ལུངས་ཀྱི་སློབ་གསོ་སྤྲོད་པ་ཤུགས་ཆེན་བྱས་ནས་ད་ལྟའི་བར་རྒྱལ་གཅེས་སློབ་གསོ་གསར་བ་སྤྲོད་རྒྱུ་མཚམས་ཆད་མེད་ལ། འདས་པའི་ལོ་རྒྱུས་འདེམས་གསེས་ཀྱིས་ཁྲིད་ནས་ཕྱི་རྒྱལ་གྱི་བཙན་འཛུལ་བ་སྡུག་རྩུབ་ཆེན་པོ་ཡིན་ཚུལ་ལས་། རྒྱ་ནག་དབང་བསྒྱུར་བས་ནོར་འཁྲུལ་མི་བརྗོད་པར་། ནུབ་ཕྱོགས་ཀྱི་བཙན་འཛུལ་ལོ་རྒྱུས་རྐྱང་རྐྱང་ཁྲིད་དེ་ན་གཞོན་ཚོའི་མི་རིགས་རིང་ལུགས་ཀྱི་བསམ་བློ་སྐྱེད་སྲིང་བྱེད་བཞིན་ཡོད་ཟེར།