ཤར་ཀྲི་མོར་གྱི་སྲིད་འཛིན་ནས་རྒྱལ་ཚོཌ་ཀྱི་ཕྱག་ལས་གནང་འཆར།
2008.06.26
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ད་ལྟ་ལས་ཐོག་ཚོགས་གཙོ་ཁེ་ན་དྲའི་མི་རིགས་ལིའུ་སི་ ཨར་སྦར་མཆོག་གི་ལས་དུས་རྫོགས་ཀྱི་ཡོད་པའི་ཆ་ནས་ཁོང་གི་ཚབ་ཏུ་ཤར་ཀྲི་མོར་གྱི་སྲིད་འཛིན་མཆོག་གནང་སྲིད་པའི་སྐོར་འགྲེལ་བརྗོད་གནང་འདུག། བདུན་ཕྲག་སྔོན་མའི་གྲོས་ཚོགས་ནང་ཤར་ཀྲི་མོར་གྱི་སྲིད་འཛིན་ར་མོ་སེ་ ཧོར་ཏ་སེ་ མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་ཡོད་ལུགས་གསུངས་པ་དང༌། དེ་ནས་གསར་འགོད་པས་གནད་དོན་འདིའི་སྐོར་བཅར་འདྲི་དང་ལན་ཞིག་གི་སྐབས་སུའང་ཁོང་གིས། ཕལ་ཆེར་རྒྱལ་ཚོགས་ཀྱི་ཕྱག་ལས་གནང་རྒྱུའི་ཐུགས་འདོད་ཡོད། ཡིན་ནའང་དེ་དང་ཆབས་ཅིག་སོ་སོའི་རྒྱལ་ཁབ་དང་མི་མང་ཚོར་ཡང་ཞབས་འདེགས་ཞུ་རྒྱུར་དགའ་པོ་ཡོད། དེ་འདྲ་ཡིན་དུས་སླར་ཡང་འདིའི་ཐོག་དགོས་པ་བཞེས་ནས་ཐག་ཆོད་གནང་གི་ཡིན་ཞེས་གསུངས་ཡོད་པ་བཅས་གང་ལྟར་ཁོང་རང་ཉིད་ཀྱི་སྲིད་འཛིན་ལས་རྒྱུན་མ་རྫོགས་པའི་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱག་ལས་གནང་སྲིད་པའི་དགོངས་པ་བཞེས་ཀྱི་ཡོད་འདུག། གལ་སྲིད་ཁོང་ལས་རྒྱུན་མ་རྫོགས་པའི་གོང་དགོངས་ཞུ་གནང་བ་ཡིན་ན་ཡུལ་ནང་སླར་ཡང་འོས་བསྡུ་བྱེད་དགོས་ཆགས་ཀྱི་ཡོད་པ་དང༌། དེས་ཆབ་སྲིད་ཀྱི་བརྟན་ལྷིང་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད།
གོང་ཞུས་སྲིད་འཛིན་མཆོག་ནི་དེ་སྔ་ཤར་ཀྲི་མོར་གྱི་རང་བཙན་འཐབ་རྩོད་ཆེད་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་སྐུ་ངལ་འཛེམས་མེད་ཀྱིས་ལོ་མང་རིང་འཐབ་རྩོད་དང༌། འགོ་འཁྲིད་མཁན་ཞིག་ཡིན་སྟབས་ཁོང་ལ་ཕྱི་ལོ་ ༡༩༩༦ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། འོན་ཀྱང་ལོ་འདིའི་འགོ་སྟོད་དུ་ཁོང་ལ་ཁ་གཏད་འཇིགས་སྐུལ་ཚོགས་པའི་དམག་མིས་སྐུ་སྲོག་བཀྲོངས་རྩིས་བྱས་ཡོད་རེད།