འབར་མའི་གཞུང་ལ་གནོན་ཤུགས་ཆེ་རུ་གཏོང་དགོས་གལ།
2009.07.24
༄༅༎ཤར་ཏི་མུར་གྱི་དཔོན་རིགས་ནས་འབར་མའི་གནད་དོན་ཐོག་ཨོ་སོ་ཀྲོ་ལི་ཡ་གཞུང་གིས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།
ཤར་ཏི་མུར་གྱི་སྲིད་འཛིན་ཧོ་སེ་ར་མོ་སེ་ཧོར་ཊ་ཡིས་གཟའ་པ་སངས་ཉིན་ཨོ་སོ་ཀྲོ་ལི་ཡ་གཞུང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་ལེན་ནས་འབར་མ་དྲག་པོའི་གཞུང་གི་ཐོག་གནོན་ཤུགས་སྤྲོད་ཡས་ཤུགས་ཆེ་རུ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་ཅིང་ཁོང་གིས་གསུངས་ན་ཨོ་སོ་ཀྲོ་རི་ཡ་གཞུང་གིས་ཨིན་ཌོ་ནེ་ཤི་ཡས་ཤར་ཏི་མུར་ལ་ལོ་ངོ་ཉི་ཤུ་རྩ་བཞིའི་རིང་དབང་བསྒྱུར་བྱས་པའི་རིང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་རྡོག་རོལ་ཤུགས་ཆེ་བཏང་ཡོད་པའི་གནས་སྟངས་ཐོག་གཡོལ་ཐབས་གནང་བའི་ནོར་འཁྲུལ་གྱི་བྱ་སྤྱོད་དེ་རིགས་ད་ཆ་མུ་མཐུད་ནས་གནང་མི་རུང་བ་དང་ཨོ་སོ་ཀྲོ་ལི་ཡ་གཞུང་གིས་ཨིན་ཌོ་ནེ་ཤི་ཡ་དང་མཉམ་དུ་འབར་མའི་ད་ལྟའི་གནས་སྟངས་དེ་བཟང་ཕྱོགས་སུ་བསྐྱོད་རྒྱུར་རོགས་འདེགས་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ཤར་ཏི་མུར་གྱི་སྲིད་འཛིན་ནས་མུ་མཐུད་གསུངས་བར་ཨོ་སོ་ཀྲོ་ལི་ཡ་གཞུང་གིས་འབར་མའི་དྲག་པོའི་གཞུང་ལ་དཔལ་འབྱོར་གྱི་ཉེས་པ་གཏོང་རྒྱུ་དང་དེ་བཞིན་འབར་མའི་དཔོན་རིགས་ཚོར་ཨོ་སོ་ཀྲོ་ལི་ཡའི་ནང་བསྐྱོད་རྒྱུར་ཐོངས་མཆན་མི་སྤྲོད་རྒྱུ།འབར་མའི་ནང་སྲུང་སྐྱོབ་དངོས་པོའི་རིགས་ཕྱིར་ཚོང་མི་བྱ་རྒྱུ་སོགས་ཀྱི་ཐབས་ལམ་འཛིན་ནས་འབར་མ་དྲག་པོའི་གཞུང་གིས་བཙོན་འཇུག་དོ་དམ་བྱེད་བཞིན་པ་འབར་མ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་གློད་འགྲོལ་ཡོང་ཐབས་འབད་བརྩོན་གནང་རྒྱུའི་སྐུལ་མ་གནང་ཡོད་པ་དང་ཤར་ཏི་མུར་གྱི་སྲིད་འཛིན་མཆོག་ནས་འབར་མ་དྲག་པོའི་གཞུང་གིས་གོང་ཞུས་གནད་དོན་ཐོག་ཕྱིར་ཤོས་བྱ་རྒྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་བསྐྱོན་བརྗོད་ཀྱི་གསལ་བསྒྲགས་གཅིག་པུ་སྤེལ་བས་ཕན་ནུས་ཐོན་ཁག་པོ་ཡིན་པར་བརྟེན་གོང་ཞུས་ཐབས་ལམ་ཐོག་ནས་ཨོ་སོ་ཀྲོ་ལི་ཡ་གཞུང་གིས་འབར་མ་དྲག་པོའི་གཞུང་ལ་གནོན་ཤུགས་ཆེ་རུ་གཏོང་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་ཛ་དྲག་གི་འབོད་སྐུལ་ཞུས་གནང་ཡོད་པ་རེད།