བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་མལ་གྲོ་གུང་དཀར་རྫོང་ལ་བསྟུད་མར་ས་ཡོམ་བྱུང་ཡོད་འདུག

2024.11.19
བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་མལ་གྲོ་གུང་དཀར་རྫོང་ལ་བསྟུད་མར་ས་ཡོམ་བྱུང་ཡོད་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་མལ་གྲོ་གུང་དཀར་རྫོང་ལ་བསྟུད་མར་ས་ཡོམ་བྱུང་ཡོད་འདུག
Photo: RFA

ཤེས་རྟོགས་བྱུང་བར་གཞིགས་ན།  ད་རེས་ཚེས་༡༨ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་ལ་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་མལ་གྲོ་གུང་དཀར་རྫོང་ལ་བསྟུད་མར་འགུལ་ཚད་༤.༤དང་༤.༡གི་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་པ་དང་། ད་ལྟའི་ཆར་ཁང་པ་ཁ་ཤས་ལ་སེར་ཁ་གས་པའི་གནས་ཚུལ་ཐོན་པ་ལས་མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན་མི་འདུག  འོན་ཀྱང་ས་ཡོམ་གྱི་གནོད་འཚེ་བྱུང་ཁུལ་དུ་གནམ་གཤིས་གྲང་དུ་ཕྱིན་ཡོད་ན་ཡང་མི་མང་པོ་གུར་ནང་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག 

རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཟླ་ ༡༡ ཚེས་ ༡༨ གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༡༥:༠༡ ཐོག་ས་ཡོམ་འགུལ་ཚད་ ༤.༤ དང་། དེ་རྗེས་ཆུ་ཚོད་ ༡༥:༠༦ ཐོག་ས་ཡོམ་འགུལ་ཚད་ ༤.༡ བྱུང་ཡོད་པ་དང་། མལ་གྲོ་གུང་དཀར་རྫོང་ནས་དུད་ཚང་༤༠༠ཙམ་ལ་གུར་༤༠༠སྤྲད་ཡོད་པ་བརྗོད་འདུག 

ཡང་གཞུང་འབྲེལ་གྱི་ས་ཡོམ་བརྟག་དཔྱད་ཚན་པ་ནས་གནས་ཚུལ་སྤེལ་བའི་ནང་༢༠༢༤ ཟླ་ ༡༠ ཚེས་ ༢༡ ནས་བཟུང་ས་ཁུལ་དེར་ས་ཡོམ་འགུལ་ཚད་ ༣ ཡན་ཐེངས་ ༡༤ བྱུང་ཡོད་པའི་ནང་ནས་ས་ཡོམ་འགུལ་ཚད་ ༣ ནས་ ༣.༩ བར་ཐེངས་ ༩ བྱུང་པ་དང་། དེ་མིན་འགུལ་ཚད་ ༤ ཡན་ཐེངས་ ༥ བྱུང་ཡོད་ཅིང་། འགུལ་ཚད་མཐོ་ཤོས་ ༤.༥ བྱུང་ཡོད་འདུག་ལ། མ་འོངས་པའི་དུས་ཚོར་ནང་ས་ཡོམ་ཆུང་གྲས་ཡོང་སྲིད་པས་ཡིད་གཟབ་དགོས་པའི་སྐུལ་མ་ཡང་བྱས་འདུག

 

ncs.JPG
མལ་གྲོ་གུང་དཀར་ས་གཡོམ་ཐོག་རྒྱལ་ཡོངས་ས་ཡོམ་བརྟག་དཔྱད་ལྟེ་གནས་ཁང་གིས་སྤྱི་ཚོགས་དྲ་རྒྱ་xསྟེང་བཀོད་འདུག

གཞན་ཡང་ཚེས་༡༨ཉིན་མལ་གྲོ་གུང་དཀར་རྫོང་དུ་ས་ཡོམ་འགུལ་ཚད་༤དང་གྲངས་ཆུང་༨དང་།  གཏིང་ཟབ་ཚད་ལ་སྤྱི་ལེ་༡༩ཅན་གྱི་ས་ཡོམ་ཞིག་བརྒྱབ་ཡོད་སྐོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་National Center for Seismology (NCS) འམ་རྒྱལ་ཡོངས་ས་ཡོམ་བརྟག་དཔྱད་ལྟེ་གནས་ཁང་གིས་སྤྱི་ཚོགས་དྲ་རྒྱ་xསྟེང་བཀོད་འདུག   གནས་ཚུལ་ནང་དུ་མི་རྒྱུ་ལ་གོད་ཆག་བྱུང་ཡོད་མེད་དང་བོད་ཀྱི་ས་གནས་གང་དུ་རང་བྱུང་གནོད་འཚེ་བྱུང་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མི་འདུག

ཡང་བསྟུད་མར་ས་ཡོམ་ཐེངས་མང་ཐོན་ཡུལ་མལ་གྲོ་གུང་དཀར་རྫོང་དུ་འདས་པའི་ལོ་མང་རིང་གཏེར་ཁ་སྔོག་འདོན་རྒྱ་ཆེ་བྱས་པ་འདིས་དེའི་ཁུལ་གྱི་ཁོར་ཡུག་དང་དེ་ཁུལ་དུ་གནས་སྡོད་བྱེད་མཁན་ཡུལ་མི།  སེམས་ཅན་སོགས་ལ་གནོད་འཚེ་ཚབས་ཆེན་བྱུང་སྟེ་ནད་ཕོག་པ་དང་ཚེ་སྲོག་ཤོར་བ་སོགས་གནས་ཚུལ་མང་པོ་ཐོན་ཡོད་ལ།   ལྷག་པར་དུ་༢༠༡༣ལོར་གཏེར་ཁ་བསྔོག་ཡུལ་དུ་ས་རྡིབ་ཤོར་ནས་མི་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་ཐོན་མྱོང་ཡོད་པར་བརྟེན་ས་གནས་མང་ཚོགས་ཀྱིས་ད་རེས་ས་ཡོམ་བསྟུད་མར་ཐོན་པ་འདི་གཏེར་ཁ་སྔོན་འདོན་གྱི་ལས་གྲ་དེ་ཚོས་རང་བྱུང་ཁམས་ལ་གནོད་འཚེ་བཟོས་པ་དང་འབྲེལ་བ་ཡོད་སྲིད་པའི་སེམས་ཚབས་བྱེད་བཞིན་ཡོད་འདུག

WhatsApp Image 2024-11-19 at 4.03.23 PM.jpeg
ཕྱི་ལོ་ ༢༠༢༤ ཟླ་༡༠ ཚེས་༢༡ ནས་བཟུང་མལ་གྲོ་གུང་དཀར་ས་ཁུལ་དེར་ས་ཡོམ་འགུལ་ཚད་ ༣ ཡན་ཐེངས་༡༤ བྱུང་འདུག

མལ་གྲོ་གུང་དཀར་རྫོང་དུ་གཏེར་ཁ་མང་པོ་ཡོད་པའི་ནང་རྒྱ་ནག་གི་ཟངས་གཏེར་ཆེ་ཤོས་གྲས་ཤིག་ཡིན་པའི་ཞི་བུ་ལ་ཟངས་མང་གཏེར་ཁ་དང་། ད་ལྟ་རྒྱ་བསྐྱེད་རིམ་པ་དང་པོའི་ནང་ཡོད་པའི་འཇུ་ལུང་ཟངས་གཏེར་བཅས་ཡོད། འདི་ཡི་ཉིན་རེའི་གཏེར་རྡོ་སྔོག་འདོན་ནུས་ཚད་ཀྲོན་ ༢༠༠,༠༠༠ ཡིན་ཞིང་། རྒྱ་བསྐྱེད་རིམ་པ་གཉིས་པ་ད་དུང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེ་ ༢༠༢༥ ལོར་ལེགས་འགྲུབ་ཡོང་རྒྱུ་རེད་འདུག  

ལོ་རྒྱུས་ཐོག་མཚོན་ན།  བོད་ཀྱི་ས་གནས་མང་པོའི་ནང་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་བྱུང་པའི་ཁོངས་སུ་༡༩༥༡དང་༡༩༥༢ལོར་འདམ་གཞུང་དུ་འགུལ་ཚད་༨དང་འགུལ་ཚད་༧.༥ཡི་ས་ཡོམ་གྱི་གནོད་འཚེ་བྱུང་ཡོད་ལ།  ༢༠༡༠ལོའི་ཟླ་༤ཞེས་༡༤ཉིན་བོད་ཀྱི་རྐྱེ་རྒུ་མདོ་ལ་ས་ཡོམ་འགུལ་ཚད་༧.༡བྱུང་ཡོད་པའི་ཁྲོད་ནས་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད།།  

གསར་འགོད་པ། སྒྲོལ་དཀར།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད། བསྟན་འཛིན་པདྨ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན།  པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎