བོད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་ཐུཌ་འཚབ།
2011.05.19
༄༅༎ཡུ་རོབ་མཉམ་སྦྲེལ་སྒྲིགས་འཛུགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ལས་དོན་ལྷན་ཁང་གི་སྐུ་ཚབ་མཆོག་ནས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དམ་བསྒྲཌ་དང་དྲག་གནོན་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོད་ཅེས་གསལ་འདོན་གནང་བཞག་༎
ཟླ་བ་སྔོན་པ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་དུ་ས་གནས་ཀྱི་བོད་མི་སེར་སྐྱ་མི་མང་དང་ ལྷག་པར་དུ་རྔ་པ་ཀིརྟི་དགོན་པའི་ཐོག་་ཚབས་ཆེའི་་དྲག་གནོན་བསྟུད་མར་བྱེད་པའི་སྲིད་ཇུས་མཚམས་འཇོག་སླད་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་འབྲེལ་གནད་དོན་གླེང་སློང་གནང་དགོས་སྐོར་སྐུལ་ལྕག་གནང་ཡོད་པ་རེད་ ཁ་ས་ཚེས་༡༨དང་ རེས་གཟའ་ལྷག་པའི་ཉིན་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་དོན་སྐུ་ཚབ་ལྩམ་ཨེ་ཤི་ཀྲོན་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ལན་འདེབས་ཀྱི་ཕྱག་བྲིས་ཤིག་སྩལ་བའི་ནང་རྔ་པ་ཁུལ་དུ་རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་མི་དམར་བསད་བཏང་བ་དང་ ཉེས་རྡུང་བཏང་བ་ དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་པ་་མང་པོ་དོ་དམ་བཀག་ཉར་བྱས་པའི་གནས་ཚུལ་རིགས་ལ་ ཁོང་ཐུགས་འཚབ་ཤིན་ཏུ་ཆེན་པོ་ཡོད་པའི་སྐོར་གསལ་འདོན་གནང་ཡོད་པ་རེད་ ལྕམ་ཨེ་ཤི་ ཀྲོན་མཆོག་གིས་ཕྱག་བྲིས་ནང་མུ་མཐུད་གསུངས་པར་ རྒྱ་ནག་ནང་སྐོར་སྐྱོད་དུ་ཕེབས་པའི་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་པའི་ངོས་ནས་ རྔ་པ་ཁུལ་དང་ཀིརྟི་དགོན་པའི་གནས་སྟངས་སྐོར་གནས་ཚུལ་ངོ་མ་མཁོ་གྲུབ་གནང་ཐབས་བྱས་ཀྱང་ ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དམ་བསྒྲཌ་་བཀག་སྡོམ་བྱས་པ་དང་ ས་གནས་ནས་ཕྱི་རྒྱལ་བ་ཡོངས་རྗོགས་ཕྱིར་འབུད་བྱས་པའི་རྐྱེན་གྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བར་གྱུར་ ཡིན་ཡང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པ་ཚོས་ རྔ་པ་ཁུལ་ནང་ དངོས་ཡོད་ཀྱི་གནས་ཚུལ་མཁྱེན་རྟོགས་ཀྱི་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་ལ་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ངོས་ནས་ རྒྱ་ནག་གཞུང་གི་ལྷན་དང་འབྲེལ་གཏུགས་ནམ་བྱུང་སྐབས་ ཀིརྟི་དགོན་པའི་གནས་སྟངས་སྐོར་གློང་སློང་གནང་རྒྱུ་མ་ཟད་ ས་གནས་ཀྱི་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དང་ བོད་མིའི་ཚོའི་རིག་གཞུང་སྲུང་སྐྱོབ་དང་ཆོས་དད་རང་དབང་ལ་བརྩི་སྲུང་ཞུ་དགོས་པའི་སྐུལ་ལྕག་གནང་གི་ཡིན་ཞེས་་གསལ་འདོན་གནང་བཞག་༎