རྡོ་རྗེ་བྲག་རིག་འཛིན་ཆེན་པོ་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་རྒྱ་མཚོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག

བོད་ཀྱི་གཏེར་སྟོན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་རྒྱ་མཚོ་མཆོག་ ༢༠༢༤ ཕྱི་ཟླ་ ༢ ཚེས་ ༢༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་རིན་པོ་ཆེ་མཆོག་གཟའ་འཁོར་གཅིག་ཙམ་རིང་ཐུགས་དམ་དུ་བཞུགས་འདུག

རྡོ་བྲག་སྐུ་ཕྲེང་བཅུ་པ་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་མཆོག་ནི་གུ་རུ་རིན་པོ་ཆེའི་ཐུགས་སྤྲུལ་དང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞང་བློན་རིགས་འཆང་བ་སྣ་སྣམ་རྡོ་རྗེ་བདུད་འཇོམས་ཀྱི་སྐུ་སྤྲུལ་ཟུང་དུ་འཇུག་པ། བོད་དུ་གཏེར་ཆེན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་དུ་གྲངས་པའི་ཡ་གྱལ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུའི་རྣམ་སྤྲུལ་དུ་གྲགས་ཤིང་། བྱང་གཏེར་གྱི་བསྟན་མངའ་བདག་ཏུ་ཡོངས་སུ་ངོས་འཛིན་ཞུ་བཞིན་ཡོད་པ་རེད།
རིན་པོ་ཆེ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་བྱི་ཕྱི་ལོ་ ༡༩༣༦ ལོར་ལྷ་ལྡན་སྦྲ་ནག་ཞོལ་བདེ་སྐྱིད་ཁང་གསར་དུ་ཡབ་བསྟན་འཛིན་རྡོ་རྗེ་དང་། ཡུམ་བདེ་སྟོང་སྙིང་རྗེ་ཅན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བཞི་ལ་ཕེབས་སྐབས་རྡོ་རྗེ་བྲག་རིག་འཛིན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་ལ་དབུ་སྐྲ་གཙུག་ཕུད་ཕུལ་བས་མཚན་ལ་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་རྒྱ་མཚོ་ཞེས་གསོལ་ཞིང་། ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སར་ཁྲི་གསོལལ་ཞུས་འདུག
རྡོ་རྗེ་བྲག་སྐུ་ཕྲེང་དགུ་པའི་ཞལ་སློབ་འགོ་ཚ་མཁན་ཆེན་ཐེག་མཆོག་བསྟན་འཛིན་གྱི་ཞལ་སྔ་ནས་བྱང་གཏེར་གྱི་དབང་ལུང་ཕལ་མོ་ཆེ་གསན་བཞེས་དང་། གཞན་ཡང་སྨིན་གླིང་མཁན་རིན་པོ་ཆེ་དང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། སྨིན་གླིང་ཁྲི་ཆེན་ཀུན་བཟང་དབང་རྒྱལ། སྨིན་གླིང་གཅུང་ངག་དབང་ཆོས་གྲགས་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་དུ་མའི་ཞབས་པད་བསྙེན་ཏེ་ཐུན་མོང་རིག་གནས་དང༌། མདོ་སྔགས་གཞུང་ལུགས། བཀའ་གཏེར་སྨིན་གྲོལ་སོགས་ལ་གསན་བསམ་རྒྱ་ཆེར་མཛད། བོད་རྒྱ་ནག་གིས་ཡོངས་སུ་བཙན་བཟུང་བྱས་རྗེས་དགོན་པར་བཞུགས་ཐབས་བྲལ་བས་ལྷ་སར་ཕེབས་བཞུགས་གནང་དགོས་བྱུང་འདུག་ལ། དེ་རྗེས་གྲལ་རིམ་འཐབ་རྩོད་ཟེར་བའི་ལས་འགུལ་ཁྲོད་ལྷ་སའི་སྤྱི་པའི་གསང་སྤྱོད་སྔོག་འདོན་སོགས་ངལ་རྩོལ་བསྒྱུར་བཀོད་ནང་བཞུགས་དགོས་བྱུང་ཡོད་པ་རེད། ལྷག་པར་རིག་གནས་གསར་བརྗེའི་ལས་འགུལ་སྐབས་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་རྩ་གཏོར་བཏང་བས། ཕྱི་ལོ་ ༡༩༧༩ ཙམ་ནས་བོད་ནང་སྲིད་བྱུས་ཅུང་ཟུད་ལྷུག་གཏོང་ཕྱིན་རྗེས་ཕྱི་ལོ་ ༡༩༨༥ ལོ་ནས་རྡོ་བྲག་རིན་པོ་ཆེ་མཆོག་གིས་ཐོག་མར་རྡོ་རྗེ་བྲག་གི་མ་དགོན་ཉམས་གསོ་དང་། སྔ་འགྱུར་རྙིང་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་གི་བྱུང་བ་མདོ་ཙམ་བརྗོད་པ་ལྗགས་རྩོམ་མཛད་འདུག་ལ། དེ་རྗེས་བོད་དབུས་ཁུལ་གྱི་རྡོ་རྗེ་བྲག་གི་དགོན་ལག་སོགས་རིམ་པར་ཉམས་གསོའི་འཁུར་བཞེས་མཛད་འདུག
གསར་འགོད་པ། སྐལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།