རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་བཙོན་གྲོལ་བྱུང་འདུག


2014.12.07
བོད་རིགས་གཞོན་སྐྱེས་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་རྒྱ་གཞུང་གིས་བཙོན་འོག་ནས་གློད་གྲོལ་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པའི་སྐོར་གྱི་གནས་ཚུལ།
བོད་ནས་བཏང་འབྱོར། ཀུན་བཟང་བསྟན་འཛིན།

༄༅༎དེ་སྔ་རྒྱ་ནག་གཞུང་ནས་འཛིན་བཟུང་བྱས་ཤིང་། དུས་ཡུན་མི་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བོད་རྔ་བ་སྒོ་མང་དགོན་པའི་དགེ་འདུན་པ་དང་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ད་ཆ་གློད་གྲོལ་བཏང་འདུག
དེའང་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱི་གནས་ཚུལ་རྒྱུས་མངའ་ཡོད་མཁན་མཚན་ལ་བསོད་ནམས་ཞུ་བ་ཞིག་ནས་བོད་ཀྱི་བང་ཆེན་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༠༩ ལོའི་ཟླ་༤ པའི་ནང་དུ་རྒྱ་གཞུང་གིས་འབྲོག་རུ་ཚུལ་ཁྲིམས་ལགས་ལ་རྒྱ་ནག་མེས་རྒྱལ་ལ་ངོ་རྒོལ་དང་ཏྭ་ལའི་ཁ་བྲལ་འོས་ལངས་ལ་སྐུལ་སློང་གི་རྩོམ་ཡིག་སྤེལ་བའི་ཉེས་འཛུགས་བྱས་ཏེ་། རྔ་བ་སྒོ་མང་དགོན་པའི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད་། ད་དུང་འབྲོག་རུ་ཚུལ་ཁྲིམས་ལགས་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གནང་རིང་ཁོང་གིས་གཉེར་གནང་བའི་ཁ་བའི་ཚེ་སྲོག་ཅེས་པའི་གསར་ཤོག་དེ་ཡང་འགྲེམས་སྤེལ་བྱེད་མི་ཆོག་པའི་བཀག་བསྡོམས་བྱས་ཡོད་པ་རེད་འདུག་ལ། དེ་རྗེས་རྔ་བ་འབར་ཁམས་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྱོན་དུས་ཡུན་ལོ་བཞི་དང་ཟླ་བ་དྲུག་རིང་བཙོན་བཅུག་བྱེད་རྒྱུའི་ཁྲིམས་ཆད་བཅད་ཡོད་པ་དང་། འབྲོག་རུ་ཚུལ་ཁྲིམས་ལགས་འཛིན་བཟུང་བྱས་པ་ནས་བཟུང་ད་བར་སྔ་ཕྱི་མི་ལོ་དྲུག་རིང་བཙོན་འཇུག་འོག་མནར་གཅོད་ཚད་མེད་མྱོང་དགོས་བྱུང་ཡོད་ཀྱང་། ད་རེས་ཟླ་བ་༡༢ ཚེས་༥ ཉིན་ཁོང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་འདུག  རྩོམ་པ་པོ་གྲྭ་འབྲོག་རུ་ཚུལ་ཁྲིམས་ད་ལོ་རང་ལོ་༣༣ ཡིན་ཞིང་། ཁོང་གི་འཁྲུངས་ཡུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་། མགོ་མང་འབྲོག་རུ་སྡེ་བ་ཡིན་ཞིང་། ཁོང་གིས་མང་ར་ཀླུ་ཚང་དགོན་པ་དང་ངྷི་ཚ་དགོན། རྔ་བ་སྒོ་མང་དགོན་བཅས་སུ་ནང་ཆོས་གཙོ་བོར་གྱུར་བའི་ཐ་སྙད་རིག་གནས་ལ་བསླབ་པ་སློབ་གཉེར་ཡང་གནང་ཡོད་པ་རེད་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎