འབྲི་རུའི་ཉེན་རྟོག་པས་བོད་མི་གཉིས་ལ་གཅར་རྡུང་བཏང་བ།
2015.05.12

རྒྱ་ནག་གི་འབྲི་རུའི་ཉེན་རྟོག་པས་བོད་མི་གཉིས་ལ་གཅར་རྡུང་བཏང་རྐྱེན་ལྷ་སར་ཛ་དྲག་གི་སྨན་བཅོས་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ནག་ཆུ་འབྲི་རུའི་ཉེན་རྟོག་པས་བོད་མི་གཉིས་ལ་གང་བྱུང་ཉེས་རྡུང་བཏང་བར་བརྟེན་རྨས་སྐྱོན་ཚབས་ཆེན་ཕོག་ནས་ད་ཆ་ལྷ་སའི་སྨན་ཁང་ནང་ཛ་དྲག་སྨན་བཅོས་བྱེད་བཞིན་པ་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན་ལྟར་ན། ནག་ཆུ་འབྲི་རུ་གྲོང་རྡལ་ནང་བསྐྱོད་བཞིན་པའི་བོད་མི་ལོ་ན་༥༣་ལ་སོན་པའི་རྣམ་རྒྱལ་བསྟན་འཛིན་དང་། ཁོང་གི་རོགས་པ་དབང་པོ་ཐང་ཐང་མེད་པའི་བོད་མི་གཉིས་ལ་ས་གནས་དེ་གའི་རྒྱ་མིའི་ཉེན་རྟོག་བསྐོར་བྱ་དམག་མིས་གང་བྱུང་ཉེས་རྡུང་ཚད་མེད་བཏང་ནས་བོད་མི་དེ་གཉིས་ཀ་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་པ་དང་། ད་དུང་རྣམ་རྒྱལ་བསྟན་འཛིན་གྱི་མཁལ་མ་རྒྱབ་ཀྱི་རུས་པ་བཅག་ནས་གཅིན་པའི་ནང་དུའང་ཁྲག་ཡོང་བཞིན་པ་ལམ་སེང་ནག་ཆུ་སྨན་ཁང་དུ་སྨན་བཅོས་བྱས་ཀྱང་མ་ཕན་པར་རྗེས་སུ་ལྷ་སའི་ཛ་དྲག་སྨན་ཁང་བསྐྱལ་དགོས་བྱུང་ཡོད་པ་རེད། བོད་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། རྣམ་རྒྱལ་བསྟན་འཛིན་གྱི་བུ་མོ་དང་། མག་པས་ཉེན་རྟོག་པའི་སར་བསྐྱོད་ནས་གལ་ཏེ་ཁོང་གཉིས་ལ་ཉེས་པ་ཡོད་ན་ཁྲིམས་ཐོག་ལ་ཞིབ་བཤེར་དགོས་ལུགས་དང་། དེ་ལྟར་མེད་ཚེ་གློད་འགྲོལ་གཏོང་དགོས་པའི་སྐོར་བརྗོད་སྐབས་ཁོང་གཉིས་ཀྱིས་ཉེན་རྟོག་པ་ལ་རྒྱ་ནག་གི་རྒྱུགས་ཁྱི་ཞེས་ལབ་ཡོད་པའི་རྐྱེན་གྱིས་ཉེས་རྡུང་བཏང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བར་གསན་རོགས༎