རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བྲག་མགོའི་བོད་མི་ཚོའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་དཔང་ཡིག་ངེས་པར་མཁོ་སྤྲོད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ།

འདི་ལོའི་ཕྱི་ཟླ་༥་པའི་ཟླ་མཇུག་ནས་བཟུང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་བྲག་མགོ་རྫོང་གི་བོད་མི་སུ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་མཁན་ཚོའི་ཏོག་དབྱིབས་རིམས་ནད་སྔོན་འགོག་སྨན་ཁབ་ཐེངས་གསུམ་པ་བར་བརྒྱབ་ཟིན་པའི་དཔང་ཡིག་དང་། ཡང་ན་ཁ་པར་ཨང་གྲངས་དང་སྐད་འཕྲིན་ཨང་གྲངས་སོགས་ཞིབ་ཕྲའི་གནས་ཚུལ་ཡར་སྲིད་གཞུང་ལ་མཁོ་སྤྲོད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་མ་ཟད། གལ་ཏེ་མཁོ་སྤྲོད་མི་བྱེད་མཁན་ཡོད་ན་ཁྱིམ་ཚང་གི་ཐོ་ཁུངས་ནས་ཕྱིར་ཕུད་གཏོང་རྒྱུ་དང་ཁྱིམ་ཚང་གི་རོགས་སྐྱོར་ཕྱིར་འཐེན་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་བོད་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ།ད་ལྟའི་ཆར་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་པའི་དཔང་ཡིག་དང་། ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དེ་ག་རེ་ཆེད་ཡིན་པ་མངོན་གསལ་ཞིག་མེད་ན་ཡང་། ལ་ཤས་ཀྱིས་ཕྱིར་བོད་དུ་ཡོང་ཆེད་ཡིན་སྐོར་བརྗོད་ནས་རྒྱ་གར་ནང་དུ་དཔང་ཡིག་དང་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཁག་ཅིག་བྱུང་གི་ཡོད་པ་མ་ཟད། ཁག་ཅིག་གིས་སྔོན་འགོག་སྨན་ཁབ་བརྒྱབ་མེད་ན་ཡང་རྫུན་མ་བཟོས་ཏེ་གཏོང་བཞིན་ཡོད་པ་དང་། ཡང་རེ་གཉིས་ནས་རྒྱ་བལ་གཉིས་ཙམ་མིན་པར་ཨ་རི་སོགས་རྒྱལ་ཁབ་གཞན་གྱི་ནང་གནས་སྡོད་མཁན་ཚོའི་དཔང་ཡིག་དང་ཞིབ་ཕྲའི་གནས་ཚུལ་དགོས་ཀྱི་ཡོད་སྟབས། སྔོན་འགོག་སྨན་ཁབ་དཔང་ཡིག་བརྒྱུད་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པ་མིན་ནམ་བསམ་ནས་དོགས་གཞིའི་འོག་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་༡༠་ནང་བྲག་མགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་སྐོར་བརྗོད་ནས་བྲག་མགོ་དགོན་གྲོང་གཉིས་སུ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་རེད་ལ། ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ནས་ཐེངས་འདིར་བྲག་མགོ་རྫོང་ཁུལ་གྱི་ཁྱིམ་ཚང་རེ་རེ་བྱས་ཏེ་ཕྱི་ཕྱོགས་ཀྱི་བོད་མི་ཚོའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་དཔང་ཡིག་མགྱོགས་མྱུར་དགོས་པ་མ་ཟད། དེ་ཡང་ཆད་ལྷག་མེད་པར་སྤྲོད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་དང་། དེ་སྔོན་སྐད་འཕྲིན་དང་ཁ་པར་ཨང་གྲངས་དགོས་སྐོར་བརྗོད་བཞིན་ཡོད་ཀྱང་། གློ་བུར་ཏོག་དབྱིབས་རིམས་ནད་སྔོན་འགོག་སྨན་ཁབ་དཔང་ཡིག་དགོས་སྐོར་བརྗོད་པར་བསམ་ན། ལས་དོན་ཡག་པོ་ཞིག་བྱེད་ཀྱི་མེད་པའི་བསམ་ཚུལ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ད་དུང་བྲག་མགོ་ཁུལ་དུ་དམ་དྲག་དང་འབྲེལ་བའི་ལས་འགུལ་འདྲ་མིན་བརྩམས་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་སྔོན་ཕྱི་ཟླ་༥ནང་བྲག་མགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་མཁན་དགེ་འདུན་པ་ཚོ་ཡིན་པའི་ངོས་ལེན་དགོས་པའི་མཚན་རྟགས་སྐྱོན་བཅུག་པ་འབྲེལ། གྲྭ་བ་ཚོ་ཚང་མས་བསམ་པ་གཅིག་མཐུན་གྱིས་ངོས་ལེན་མཚན་རྟགས་སྐྱོན་བཅུག་པ་ཡིན་ན། སྐུ་བརྙན་དང་མ་ཎི་འཁོར་ཁང་སོགས་བསྐྱར་དུ་འཛུགས་སྐྲུན་བྱ་བཅུག་རྒྱུ་ཡིན་པ་སོགས་ཀྱི་གཡོ་བྱུས་འཐེན་བཞིན་ཡོད་པ་གནས་ཚུལ་མཁོ་སྤྲོད་པ་ཚོས་འགྲེལ་བརྗོད་གནང་གི་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།