རྒྱ་ནག་གཞུང་གི་ཆུ་མཛོད་གློག་འདོན་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་འཚོ་བར་དོ་ཕོག་ཐེབས་ཉེན་ཐད་བགྲོ་གླེང་གནང་འདུག

2024.03.15
རྒྱ་ནག་གཞུང་གི་ཆུ་མཛོད་གློག་འདོན་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་འཚོ་བར་དོ་ཕོག་ཐེབས་ཉེན་ཐད་བགྲོ་གླེང་གནང་འདུག རྒྱ་ནག་གཞུང་གི་ཆུ་མཛོད་གློག་འདོན་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་འཚོ་བར་དོ་ཕོག་ཐེབས་ཉེན་ཐད་བགྲོ་གླེང་གནང་སྐབས། ༠༣།༡༤།༢༠༢༤
CTA

འདི་ཚེས་༡༤ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འཛམ་གླིང་གི་ཆུ་བོ་སྲུང་སྐྱོབ་ཉིན་མོ་དང་འབྲེལ། ཉེ་ལམ་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་འདོན་ས་ཚུགས་གསར་རྒྱག་གི་ལས་གཞི་ལ་བརྟེན་ནས་ཉེ་འཁོར་ས་གནས་བོད་མིའི་གྲོང་ཚོ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་དགོན་སྡེ་རྙིང་པ་གཏོར་བཤིག་དང་། བོད་མིའི་འཚོ་བར་དོ་ཕོག་ཚབས་ཆེ་ཐེབས་ཉེན་ཡོད་པའི་གནས་སྟངས་ཐད་ཉམས་ཞིབ་པ་དང་མཁས་བའི་བགྲོ་གླེང་ཚོགས་གནང་ཡོད་པ་རེད།
སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་གསུངས་བཤད་གནང་བའི་ནང་། དམིགས་བསལ་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་འདྲ་མིན་ནང་ཆུ་མཛོད་གློག་འདོན་ས་ཚུགས་གསར་རྒྱག་དང་། རྒྱུག་ཆུ་ཁ་བསྒྱུར་སོགས་བྱེད་བཞིན་པ་དེས་བོད་ནས་གཤམ་འོག་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་རྒྱུག་ཆུ་བཞུར་བཞིན་ཡོད་པ་རྣམས་ལ་ཡང་གནོད་སྐྱོན་ཐེབས་རྒྱུའི་ཉེན་ཁ་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཆུ་ཤུགས་གློག་འདོན་ས་ཚུགས་གསར་རྒྱག་མང་པོ་བྱས་ཟིན་པ་དང་། ད་དུང་མུ་མཐུད་དུ་རྒྱག་རྒྱུའི་འཆར་གཞི་ཡོད་པ། ཡང་རྒྱུག་ཆུ་ཁ་བསྒྱུར་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་བའི་རྒྱུ་མཚན་གྱིས་དམིགས་བསལ་དུ་རྒྱ་ནག་དེ་ཉིད་འཛམ་གླིང་ནང་མི་འབོར་མང་ཤོས་གཉིས་པ་དེ་ཡིན་དུས། བོད་ནས་རྒྱ་མི་རྣམས་ཀྱི་དགོས་མཁོ་ལ་དམིགས་ནས་གློག་དང་ཆུ་མཁོ་འདོན་བྱས་པའི་མཇུག་འབྲས་བོད་ནང་གི་ས་གནས་བོད་མི་མང་པོ་གནས་སྤོས་བྱེད་དགོས་པ་དང་། ཡང་ཁོར་ཡུག་ལ་གནོད་སྐྱོན་དུ་མ་ཐེབས་བཞིན་པ། ས་འགུལ་མང་པོ་ཡོང་བ། ཆུ་ནང་གི་སྲོག་ཆགས་སེམས་ཅན་མང་པོའི་ཚེ་སྲོག་ཤོར་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་གསུངས་སོང་།
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས། སྡེ་དགེ་རུ་ཆུ་མཛོད་གློག་འདོན་ས་ཚུགས་གསར་རྒྱག་གི་ལས་གཞི་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནང་གླེང་དུས། ཕྱི་དངོས་པོ་ཡར་རྒྱས་ཀྱི་ལས་གཞིའི་འོག་ས་གནས་ཡུལ་མི་གནས་སྤོར་དང་། གྲོང་ཚོ་དང་དགོན་པ་མང་པོ་གཏོར་དགོས་བྱུང་ན་དེ་ནི་ས་གནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གིས་སྣང་ཆུང་བྱས་བ་ཡིན་པ་གསུངས་སོང་།
ཁོར་ཡུག་ཉམས་ཞིབ་པ་དང་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། རྒྱ་ནག་ནི་དེང་སྐབས་འཛམ་གླིང་ནང་ཆུ་ཤུགས་གློག་འདོན་ས་ཚུགས་ཆེད་ཆུ་མཛོད་རྒྱག་མཁན་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། ལྷག་པར་རྒྱ་ནག་གིས་བོད་ནང་ཆུ་མཛོད་གློག་འདོན་ས་ཚུགས་གསར་རྒྱག་གི་ལས་གཞི་སྤེལ་བཞིན་པ་ནི། དམིགས་བསལ་རྒྱ་ནག་གིས་ནག་རྫས་ཆ་སྙོམས་དང་ནག་རྫས་བར་གནས་ཀྱི་རང་བཞིན་(Carbon Neautrality)་དམིགས་ཡུལ་སྒྲུབ་ཐུབ་པའི་ཆེད་དུ་ཡིན་པ་དང་། སྤྱིར་བཏང་ཆུ་ཤུགས་གློག་འདོན་ནས་ནག་རྫས་ཉུང་དུ་གཏོང་ཐུབ་ཀྱི་ཡོད་ན་ཡང་ཉི་འོད་དང་རླུང་ཤུགས་གཉིས་ཀྱི་ཀྱང་དེ་བཞིན་བྱེད་ཐུབ་ཀྱི་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་མ་སྤྲད་དུས་རྒྱལ་སྤྱིའི་མི་མང་མཉམ་རུབ་བྱེད་དགོས་པའི་དུས་ཛ་དྲག་ཅན་ཡིན། རྒྱལ་སྤྱིའི་རྒྱུག་ཆུ་སྲུང་སྐྱོབ་ཉིན་མོ་ནི་གཙོ་བོ་གནད་དོན་ཐོག་གོ་རྟོགས་སྤེལ་རྒྱུ་དང་རྒྱུག་ཆུ་སྲུང་སྐྱོབ། དེའི་ཐད་ཆིག་སྒྲིལ་བྱེད་དགོས་པའི་ཉིན་མོ་གལ་ཆེན་ཞིག་ཡིན་པ་གསུངས་སོང་།
བགློ་གླེང་གི་མཇུག་ཏུ་ཁོང་ཚོ་ཐུན་མོང་གིས་དོན་ཚན་བཅུ་ཅན་གྱི་ཞུ་འབོད་ཡིག་ཆ་ཞིག་འགྲེམས་སྤེལ་གནང་བའི་ནང་། གཙོ་བོ་རྒྱ་ནག་གཞུང་གིས་ས་གནས་མི་མང་གི་ཆོག་མཆན་མེད་པར་ཆུ་མཛོད་རྒྱག་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་ཕྱི་གསལ་ནང་གསལ་བྱེད་དགོས་པ། ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐག་གཅོད་ལ་མི་མང་མཉམ་ཞུགས་བྱེད་འཇུག་དགོས་པ། ས་འགུལ་ཉེན་ཚབས་རྟོག་ཞིབ་དགོས་པ། རང་དབང་ལྡན་པའི་ཐོག་སྔོན་ཚུད་ནས་མི་མང་ལ་གནས་ཚུལ་གསལ་བཤད་ཀྱིས་ཆོག་མཆན་ཞུ་དགོས་པ། བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་གཞིའི་ཚོང་ལས་ཁང་དང་ཚོང་འབྲེལ་གཅོད་དགོས་པ། རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆིངས་ཡིག་ཁག་ལ་གཏན་འབེབས་ཆོག་མཆོག་སྤྲོད་དགོས་པ། བོད་ཀྱི་སྣོད་བཅུད་རྟེན་འབྲེལ་གྱི་གལ་གནད་ངོས་འཛིན་དགོས་པ། བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་རྒྱུའི་བྱེད་ལས་མཚམས་འཇོག་དགོས་པ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་རྣམས་ལ་ཉེས་འཛུགས་བྱེད་མཚམས་འཇོག་དགོས་པ་བཅས་བཀོད་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎