སྲིད་སྐྱོང་མཆོག་གིས་སྐུ་ཚབ་དོན་གཅོད་རྣམ་པ་དང་ལྷན་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་ཐད་དྲ་ཐོག་ཚོགས་འདུ་གནང་ཡོད་པ།

སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་ ༡ ཚེས་ ༡༩ དང་༢༠ བཅས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྐུ་ཚབ་དོན་གཅོད་བཅུ་གཉིས་དང་། ཧྥ་རན་སིའི་འབྲེལ་མཐུད་པ་བཅས་དང་ལྷན་དུ། དྲ་ལམ་བརྒྱུད་ཆབ་སྲིད་དང་འཛིན་སྐྱོང་ལས་དོན་གནང་ཕྱོགས་བཅས་གཙོ་བོ་བརྗོད་གཞི་གཉིས་ཀྱི་ཐོག་ལ་བཀའ་བསྡུར་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ངོ་སྤྲོད་དང་སྦྲགས། དོན་ཁང་སོ་སོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཁག་གི་ནང་གཞུང་གིས་བོད་དང་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་སྐོར་གོ་བསྡུར་གནང་ཡོད་པ་མ་ཟད། སྤྱི་ཡོངས་རྒྱལ་སྤྱིའི་གནས་སྟངས་ཐོག་དོན་གཅོད་རྣམ་པར་དམིགས་བསལ་གྱི་འོས་འགན་ཡོད་པས། དེ་འབྲེལ་གྲོས་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ད་ཐེངས་དྲ་ཐོག་ཚོགས་འདུ་འདིའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་བཅུ་གཉིས་ལྷན་ཞུགས་གནང་འདུག་ཅིང་། ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་ཐེངས་ཚོགས་འདུའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་སྐོར་གྲོས་བསྡུར་གནང་བར་བཞིན། ༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་རེ་ཟུང་ཡོད་པ་དེ་དག་ལ་ཉི་ཧོང་དོན་གཅོད་ངོས་ནས་མཐའ་གཅིག་ཏུ་གདོང་ལེན་བྱ་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ལོ་གཉིས་རེའི་རྗེས་སྐུ་ཚབ་དོན་གཅོད་རྣམ་པ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཚོགས་འདུ་བསྐོང་ཚོགས་གནང་སྲོལ་ཡོད་ཀྱང་། ད་ཆ་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་ཚོགས་འདུ་དེ་བཞིན་དྲ་ལམ་བརྒྱུད་ནས་འཚོགས་ཡོད་པ་དང་། ད་རེས་ཆབ་སྲིད་དང་འབྲེལ་བའི་གནད་དོན་གཙོ་བོ་ཞིག་ནི་བོད་རྒྱ་དཀའ་རྙོག་སེལ་བར་དོན་གཅོད་ཁག་ནས་ལས་འགུལ་ཇི་སྤེལ་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ད་དུང་ད་རེས་ཚོགས་འདུའི་ཐོག་འཛིན་སྐྱོང་དང་འབྲེལ་བའི་གོ་བསྡུར་ཞུ་ཡུལ་གྱི་གནད་དོན་གཙོ་བོ་ཁག་སྟེ། ད་ལྟའི་དོན་གཅོད་ཁག་གི་འཛིན་སྐྱོང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་དོན་གཅོད་སོ་སོའི་ནང་ལས་བྱེད་པ་བསྐོ་བཞག་གནང་ཕྱོགས། དེ་བཞིན་རྒྱལ་ཁབ་འདྲ་མིན་ནང་ཆགས་པའི་ཚོགས་སྡེ་ཁག་ལ་འབྲེལ་བ་ཞུ་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ད་ཐེངས་སྐུ་ཚབ་དོན་གཅོད་ཀྱི་ཚོགས་འདུ་དེའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ ཚོགས་ཡུལ་དང་། ཚོགས་མིའི་ཡོངས་ཁུངས། ལས་དོན་མཇུག་སྐྱོང་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་འདུག་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ཡོད་པའི་སྐུ་ཚབ་དོན་གཅོད་རྣམ་པས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་འབྲེལ་བ་ཞུ་ཕྱོགས་དང་འབྲེལ་ཡོད་གནས་ཚུལ་རྣམས་ལྷ་སྙན་སྒྲོན་འབུལ་ཞུ་ཕྱོགས་སོགས་ཀྱི་སྐོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལམ་སྟོན་གསུང་བཤད་གནང་ཡོད་འདུག
གཞན་ཡང་ད་རེས་ཚོགས་འདུའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ལྷན་ཞུགས་གནང་འདུག་པ་དེ་ནི་ཁོང་མོས་བཀའ་བློན་གྱི་ལས་ཁུར་ཞུས་པའི་རྗེས། སྐུ་ཚབ་དོན་གཅོད་རྣམ་པ་ཚང་འཛོམས་ཀྱི་ཚོགས་འདུའི་ཐོག་ལྷན་ཞུགས་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་ཅིང་། སྐབས་དེའི་ཚོགས་འདུའི་ཐོག་ཕྱི་དྲིལ་བཀའ་བློན་མཆོག་གིས་ཀྱང་གོང་ཞུས་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག