བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༡པ་འཚོགས་བཞིན་འདུག
བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བར་ལམ་ནས་ལོ་ལྟར། རྒྱལ་སྤྱིའི་གློག་བརྙན་གསར་པ་སྣ་ཚོགས་སྟོན་པའི་གློག་བརྙན་དུས་སྟོན་གནང་སྲོལ་ཡོད་པ་དེ། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དབང་གིས་སྐབས་ཁ་ཤས་དྲ་ལམ་བརྒྱུད་ཚོགས་དགོས་བྱུང་ཡོད་ནའང་། ད་རེས་བོད་ཀྱི་ཟློས་གར་ཁང་དུ་སྤྱི་ཟླ་༡༡པའི་ཚེས་༣ཉིན་དུས་སྟོན་ཐེངས་༡༡དངོས་སུ་འགོ་འཛུགས་ཞུས་སོང་། དུས་སྟོན་དེར་མང་ཆེ་ཤོས་རྒྱ་གར་གྱི་གློག་བརྙན་འདྲ་མིན་དང་ཕྱི་རྒྱལ་གྱི་གློག་བརྙན་ཁག་ཅིག་སོགས། མདོར་ན་གློག་བརྙན་འདྲ་མིན་༨༠ལྷག་ཡོད་པ་མ་ཟད། དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་ནས་བོད་མིས་བཟོས་པའི་གློག་བརྙན་གསུམ་དང་། བོད་ཀྱི་རིག་གཞུང་དང་འབྲེལ་བའི་གློག་བརྙན་གཅིག་ཀྱང་སྟོན་འཆར་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ལོ་ཤས་རིང་དྲ་ལམ་མ་གཏོགས་གློག་བརྙན་དུས་སྟོན་འདི་ཚོགས་ཐུབ་མེད་པར་བརྟེན། འདི་ལོ་ནམ་རྒྱུན་ལས་གློག་བརྙན་དུས་སྟོན་དེ་རྒྱ་ཆེ་རུ་བཏང་ནས་ཟློས་གར་གྱི་ཚོགས་ཁང་མ་ཟད། གུར་ཆེན་པོ་གཉིས་ཕུབ་ནས་གློག་བརྙན་སྟོན་ས་མི་འདྲ་བ་གསུམ་བཟོས་ཏེ་གློག་བརྙན་སྟོན་བཞིན་པའི་སྟབས་ཀྱིས། རྒྱ་གར་གྱི་སྒྱུ་རྩལ་མི་སྣ་དང་ཤེས་ཡོན་ཅན། གཞོན་སྐྱེས་དོ་སྣང་ཅན་སོགས་ཧ་ཅང་མང་པོ་ཆེད་དུ་བཅར་ཡོད་ཅིང་། རྒྱ་གར་བ་གཞོན་སྐྱེས་ཤིལ་པི་རཱ་ཝ་ཏི་ལགས་ནས། དུས་སྟོན་འདི་རྒྱལ་སྤྱིའི་རང་བཞིན་གྱི་གློག་བརྙན་དུས་ཆེན་ཞིག་ཡིན་པར་བརྟེན། རིག་གཞུང་མི་འདྲ་བ་དང་གློག་བརྙན་མི་འདྲ་བ་སྣ་ཚོགས་ཡོད་པས་བློ་སྒོ་འབྱེད་པའི་གོ་རྟོགས་གསར་པ་འཚོལ་ཕྱིར་ཡོང་བ་འགྲེལ་བརྗོད་གནང་སོང་།
གློག་བརྙན་དུས་སྟོན་འདི་ལ་ཕྱི་རྒྱལ་མི་རིགས་སྣ་ཚོགས་ཀྱང་ཆེད་བཅར་ཡོད་ཁོངས་ནས། ཡོ་རོབ་སུད་ཝེ་ཊན་རྒྱལ་ཁབ་ནས་ཆེད་དུ་བཅར་བ་ཕཱར་ཁོར་མོ་ཏིན་ལགས་ནས། ང་རང་དམིགས་བསལ་འཆར་གཞི་མེད་པའི་སྒོ་ནས་ཡོང་བ་ཡིན་ཏེ། བཙན་བྱོལ་གྱི་ཉམས་མྱོང་མཚོན་པའི་གློག་བརྙན་རིགས་ལ་དགའ་མོས་དང་བལྟ་འདོད་ཡོད། ད་ལྟ་རང་ངས་བལྟ་བར་འགྱུར་བའི་གློག་བརྙན་ནི་མི་རིགས་སྣ་ཚོགས་ཐུག་འཕྲད་སྐོར་ཡིན་པས། ལུང་པ་གཅིག་དང་མི་རིགས་ཀྱི་ངོ་བོ་གཅིག་པ་སོགས་ཡོད་ཚད་རྒྱ་བསྐྱེད་ཀྱིས་འགྱུར་འགྲོ་བ་མཚོན་ཞེས་འགྲེལ་བརྗོད་གནང་གི་འདུག
སིད་ཛར་ལཎཊི་ནས་ཡོང་བའི་བདེ་སྐྱིད་སྒྲོལ་དཀར་ལགས་ནས། བོད་མི་ཞིག་ཡིན་པའི་ཆ་ནས་རྡ་རམ་ས་ལའི་གློག་བརྙན་དུས་སྟོན་འདི་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པར་སྤྱི་ཟླ་༡༡པའི་ཚེས་༣ནས་༦བར་ཉིན་གྲངས་བཞིའི་རིང་འཚོགས་བཞིན་པའི་གློག་བརྙན་དུས་སྟོན་དེ། རྒྱ་གར་རྒྱལ་ཡོངས་ཀྱི་རི་གྲོང་ནས་འཚོགས་བཞིན་པའི་གློག་བརྙན་དུས་སྟོན་གལ་ཆེ་ཤོས་ཤིག་ཏུ་བརྩི་བཞིན་པ་མ་ཟད། གློག་བརྙན་དུས་སྟོན་གོ་སྒྲིག་པ་བོད་མི་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་དང་རེ་ཏུ་ས་རེན་བཟའ་ཚོ་གཉིས་ཀྱིས། གློག་བརྙན་བརྒྱུད་ནས་སྤྱི་ཚོགས་དང་མི་རིགས་ལ་ཕན་ཁྱད་འབྱུང་ཐུབ་པར་མཐོང་སྟེ། རྡ་རམ་ས་ལར་རྒྱལ་སྤྱིའི་གློག་བརྙན་ཚད་ལྡན་དང་རང་དབང་ལྡན་པའི་རིགས་བལྟ་རྒྱུའི་གོ་སྐབས་མེད་པར་བརྟེན། རྡ་རམ་ས་ལའི་མི་མང་སྤྱི་དང་ཁྱད་པར་ཕྱོགས་བཞུགས་ཁག་ཚང་མར་གོ་སྐབས་ཀྱི་ཚུལ་དུ་དུས་སྟོན་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།