བོད་ཀྱི་ཐང་བྲིས་སྒྱུ་རྩལ་བ་དང་སྒྱུ་རྩལ་སློབ་དཔོན་ཆེན་མོ་གདུགས་དཀར་ལགས་སྐུ་གཤེགས་ཡོད་འདུག

2024.11.22
བོད་ཀྱི་ཐང་བྲིས་སྒྱུ་རྩལ་བ་དང་སྒྱུ་རྩལ་སློབ་དཔོན་ཆེན་མོ་གདུགས་དཀར་ལགས་སྐུ་གཤེགས་ཡོད་འདུག ཐང་བྲིས་སྒྱུ་རྩལ་བ་གདུགས་དཀར་ལགས། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༤ ཉིན། བོད་ཀྱི་ཐང་བྲིས་སྒྱུ་རྩལ་བ་ཆེན་མོ་དང་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་བཟོ་རྩལ་མཛེས་རྩལ་དབུ་ཁྲིད་པར་བདམས་ཐོན་བྱས་མྱོང་བ། ཐང་བྲིས་སྒྱུ་རྩལ་སློབ་དཔོན་ཆེན་མོ་གདུགས་དཀར་ལགས་དགུང་གྲངས་ ༨༢ སྟེང་སྐུ་གཤེགས་ཡོད་པ་དང་། ཐང་བྲིས་སྒྱུ་རྩལ་བ་ཁོང་ནི་རེབ་གོང་སེང་གེ་གཤོང་མ་མགོ་སྡེ་བ་ནས་ཡིན་པ་དང་། སྲོལ་རྒྱུན་གྱི་ཐང་ཀའི་བྲིས་རྒྱུན་ཡོད་པ་ཞིག་དང་། ཐང་བྲིས་པ་བསྐྱེད་བསྲིངས་བྱེད་མཁན་དང་བོད་དང་རྒྱ་ནག་ནང་ཁོང་གི་སྒྱུ་རྩལ་ཐང་བྲིས་ལ་སྐད་གྲགས་ཆེན་པོ་ཡོད་སྐོར་སོགས། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Screenshot 2024-11-21 152921.png
ཐང་བྲིས་སྒྱུ་རྩལ་བ་གདུགས་དཀར་ལགས། ཟླ་ཚེས་མི་གསལ།

ཐང་བྲིས་སྒྱུ་རྩལ་བ་གདུགས་དཀར་ལགས་ནས་ལོ་ན་བདུན་ཙམ་ནས་བཟུང་། ཐང་བྲིས་སྒྱུ་རྩལ་ལ་སློབ་གཉེར་བྱས་ཏེ། འདས་པའི་ལོ་ངོ་ ༧༠ ལྷག་རིང་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་ཏུ་ཞལ་ཐང་བཞེངས་སྐྲུན་དང་། ཐང་བྲིས་སྒྱུ་རྩལ་སློབ་མ་ ༢༣༠ ་ལྷག་གསོ་སྐྱོང་བྱས་ཡོད་པ་དང་། ཐེངས་འདིར་ཁོང་སྐུ་གཤེགས་པའི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ཁང་གིས་སྤེལ་བའི་ནང་། སློབ་དཔོན་ཆེན་མོ་གདུགས་དཀར་མཆོག་སྐུ་གཤེགས་པ་ནི་བོད་ཀྱི་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་གྱོང་གུན་ཚབས་ཆེན་ཞིག་ཡིན་པ་སོགས་བཀོད་འདུག

ཐང་བྲིས་སྒྱུ་རྩལ་བ་ཆེན་མོ་གདུགས་དཀར་ལགས་ནི་ཕྱི་ལོ་ ༡༩༤༢ ལོར། ད་ལྟ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་ཡོད་པའི་མཚོ་སྔོན་ཞིང་ཆེན་རེབ་གོང་དུ་སྐྱེས་ཤིང་། ཁོང་གི་ཐང་བྲིས་སྒྱུ་རྩལ་ལ་ཐུན་མོང་མ་ཡིན་པའི་ལག་རྩལ་གྱིས་མི་ཚེ་ཧྲིལ་བོ་ཐང་བྲིས་སྒྱུ་རྩལ་ཐད་བཏང་ཡོད་འདུག་ལ། མཚོ་སྔོན་ཞིང་ཆེན་མི་མང་སྲིད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བའི་ནང་། སློབ་དཔོན་གདུགས་དཀར་མཆོག་གིས་རེབ་གོང་ཐང་གའི་འབྲི་བཞེངས་ལག་རྩལ་རྒྱུན་འཛིན་གནང་བ་དང་ཆབས་ཅིག ས་གནས་ཁག་གི་ནང་བསྟན་རི་མོའི་སྒྱུ་རྩལ་གྱི་སྙིང་བཅུད་བསྡུ་ལེན་སྒོས་ཀུན་གྱི་ལེགས་ཆ་ཚུལ་བཞིན་དང་ལེན་གནང་བས། འབུར་བཞེངས་སོགས་ཀྱི་རྩལ་ཐབས་ལག་ལེན་ནང་སྤྱད་པས། རེབ་གོང་ཐང་གའི་འབྲི་བཞེངས་ཐད་གསར་འབྱེད་ཀྱི་མཛད་རྗེས་བཞག་ཡོད་པས། ཐེངས་འདིར་ཁོང་འདས་གྲོངས་སུ་ཕྱིན་པ་དེས་སྒྱུ་རྩལ་གྱི་མི་བོ་ཆེ་ཞིག་ང་ཚོ་དང་ཁ་བྲལ་བའི་མྱ་ངན་གྱིས་གཟིར་ནས་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎