དོན་གྲུབ་དབང་ཆེན་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་འོས་མིའི་གྲས་སུ་མིང་འདོན་གནང་འདུག

2022.02.03
དོན་གྲུབ་དབང་ཆེན་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་འོས་མིའི་གྲས་སུ་མིང་འདོན་གནང་འདུག ནོར་ཝེ་རྒྱལ་ཁབ་ཀྱི་ལྗང་གུ་ཚོགས་པའི་གྲོས་ཚོགས་འཐུས་མི་(Rasmus Hansson)་ལགས་དང་དོན་གྲུབ་དབང་ཆེན་ལགས་མཇལ་འཕྲད་སྐབས། ༠༡།༡༤།༢༠༢༢
Photo by Filming for Tibet

དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོས་པའི་སྟབས་ཀྱིས། རྒྱ་ནག་གཞུང་གིས་བཙོན་འཇུག་མནར་གཅོད་བཏང་བ་དང་། ཁོང་ནི་ཞི་བའི་ངང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་པའི་ཆ་ནས་འདི་ལོའི་ནོ་བེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་གྲས་སུ་མིང་འདོན་གནང་འོས་པ་དང་འོས་བབ་ཡོད་པ་ཞིག་ཡིན་པ་ནོར་ཝེ་རྒྱལ་ཁབ་ཀྱི་ལྗང་གུ་ཚོགས་པའི་གྲོས་ཚོགས་འཐུས་མི་(Rasmus Hansson)་ལགས་ཀྱིས་གསུངས་ཡོད་པ་དང་། ཁོང་ནི་བོད་རང་དབང་ཆེད་རྒྱབ་སྐྱོར་གནང་མཁན་ནོར་ཝེ་གྲོས་ཚོགས་ཀྱི་ལྗང་གུ་ཚོགས་པའི་ཚོགས་མི་ཞིག་ཡིན་པ་རེད།
དེའི་ཐད་གྲོས་ཚོགས་འཐུས་མི་(Rasmus Hansson)་ལགས་ཀྱི་ཕྱག་བྲིས་ནང་། ལོ་ངོ་དྲུག་རིང་རྒྱ་ནག་གཞུང་གིས་བཙོན་འཇུག་མནར་གཅོད་བཏང་བ་བོད་རིགས་གློག་བརྙན་བཟོ་བསྐྲུན་མཁན་དོན་གྲུབ་དབང་ཆེན་ལགས་སྤྱི་ལོ་༢༠༢༢་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འོས་མིའི་གྲས་སུ་བཏོན་གནང་བ་ཡོངས་བསྒྲགས་གནང་བ་དང་། དོན་གྲུབ་དབང་ཆེན་ལགས་ནི། བོད་མིའི་ཚབ་མཚོན་རང་བཞིན་གྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་པ་བྲིས་འདུག ཁོང་གིས་ཉེ་ལམ་ཕྱི་ཟླ་དང་པོའི་ནང་དོན་འགྲུབ་དབང་ཆེན་ལགས་དང་དངོས་སུ་ཐུག་འཕྲད་བྱས་ཡོད་པ་རེད།
གནས་ཚུལ་འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དོན་གྲུབ་དབང་ཆེན་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་གནས་ཚུལ་དེ་གོ་ཐོས་བྱུང་བ་དང་། བཤད་མ་ཤེས་བའི་ཚོར་བ་ཞིག་དང་དེ་བཞིན་དགའ་སྤྲོ་ཆེན་པོ་བྱུང་། ཉེ་ལམ་ནོར་ཝེ་ནས་ཁོང་དང་དངོས་སུ་མཇལ་འཕྲད་བྱས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་། ལྷག་པར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་ངོ་སྤྲོད་བྱེད་རྒྱུ་བྱུང་ལ། ཁོང་གིས་ཀྱང་ཐུགས་སྣང་ཆེན་པོ་གནང་བྱུང་། ད་རེས་ཀྱི་གནས་ཚུལ་འདིའི་ཐོག་ནས་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཚོས་བོད་ཀྱི་བདེན་པ་ལ་རྒྱབ་སྐྱོར་དང་། ལྷག་པར་བོད་ནང་གི་གནས་སྟངས་ལ་ཐུགས་སྣང་གིས་རྒྱབ་སྐྱོར་གནང་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་བྱུང་།
ད་ལོ་དགུང་གྲངས་༤༧་ལ་སོན་པའི་བོད་རིགས་གློག་བརྙན་བཟོ་བསྐྲུན་མཁན་དོན་གྲུབ་དབང་ཆེན་ལགས་ཀྱིས། ཕྱི་ལོ་༢༠༠༧་ལོར་བོད་ནང་གི་གནས་སྟངས་མཚོན་པའི་གློག་བརྙན་འཇིགས་བྲལ་ཞེས་བ་བཟོ་བསྐྲུན་བྱས་རྗེས། ཕྱི་ལོ་༢༠༠༨་ལོའི་ཟླ་༣་ཚེས་༢༦་ཉིན་མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་བྱས་རྗེས། ལོ་གཉིས་རིང་ཐག་གཅོད་མ་བྱས་བར་བཀག་ཉར་བྱས་བ་དང་། ཕྱི་ལོ་༢༠༡༠་ལོའི་ཟླ་༡༢་ཚེས་༢༨་ཉིན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་གསང་བའི་ངང་མི་ལོ་དྲུག་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས། ཕྱི་ལོ་༢༠༡༤་ལོའི་ཟླ་༦་པའི་ནང་བཙོན་གྲོལ་བྱུང་རྗེས་ཡོ་རོབ་བརྒྱུད་ཨ་རིའི་ནང་གསང་སྟབས་ཀྱིས་བྲོས་བྱོལ་བྱས་ནས་སྲིད་དོན་གྱི་སྐྱབས་བཅོལ་ཞུ་རྗེས་ད་ཆ་ཁོང་དང་ཁོང་གི་བཟའ་ཟླ་བུ་ཕྲུག་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད་འདུག

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎