ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གནས་སྐབས་སྒོ་རྒྱག་རྒྱུ་ཡིན་འདུག
2020.03.17
རྒྱ་གར་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པར་བརྟེན་བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སྒོ་རྒྱག་རྒྱུ་ཡིན་འདུག
འདི་ཚེས་༡༧་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཆེ་བས། དེ་དག་གི་ཉེན་ཁ་སྔོན་འགོག་ཆེད་རྒྱ་གར་ཧི་མ་ཅལ་ཀང་ར་རྫོང་སྲིད་གཞུང་ནས་ཁྲིམས་གཞི་༡༤༤་ཡི་དགོངས་དོན་བཞིན་བཀའ་རྒྱ་བཏང་ཡོད་པའི་གནས་སྟངས་བཅས་ལ་བརྟེན། ཟླ་བ་འདིའི་སྤྱི་ཚེས་༡༨་རེས་གཟའ་ལྷག་པ་ཉིན་ནས་བཟུང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་པ་དང་། སྒོ་ག་དུས་ཕྱེ་མིན་རྗེས་སུ་གསལ་བསྒྲགས་གནང་རྒྱུ་ཡིན་པ་གསལ་འདུག
ཡང་འདི་ཚེས་༡༧་ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཛ་དྲག་འབོད་བསྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་དོན་དུ། ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ད་ཆ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཁྱབ་གདལ་འགྲོ་བཞིན་པར་བརྟེན་ནད་ཡམས་འདི་བཞིན་སྔོན་འགོག་ཆེད་རྒྱལ་ཁབ་སོ་སོའི་སྲིད་གཞུང་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བཏོན་ནས། ཆེས་ཛ་དྲག་ཡིན་ན་མ་གཏོགས་དེ་མིན་ཚོགས་འདུའི་རིགས་དང་། ཟབ་སྦྱོང་། བགྲོ་གླེང་། གཞན་ཡང་མི་སྣ་འདུ་འཛོམས་སོགས་གནང་མི་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་མུས་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་དགོན་སྡེ་ཁག་གི་དགེ་འདུན་པ་དང་། སློབ་གྲྭ་ཁག དེ་བཞིན་རྒས་གསོ་ཁང་སོགས་ནང་། དུས་ཡུན་ཟླ་གཅིག་གི་རིང་འདུ་འཛོམས་སོགས་མི་གནང་བའི་འབོད་བསྐུལ་ཞུས་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་གར་བྱང་ཤར་ཁུལ་དུ་གནས་སྟངས་དེ་ཙམ་ཛ་དྲག་མེད་པར་བརྟེན་སློབ་གྲྭ་ཁག་མུ་མཐུད་ཚོགས་བཞིན་ཡོད་ཅེས་དང་། གལ་ཏེ་སློབ་གྲྭ་ཁག་དུས་ཡུན་རིང་པོ་ཞིག་སྒོ་རྒྱག་དགོས་པ་བྱུང་ཚེ། དབྱར་ཀའི་ཟླ་བ་གཉིས་གུང་སེང་ལ་སློབ་གྲྭ་མུ་མཐུད་འཚོགས་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་འདི་ཚེས་༡༧ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་༤་པའི་བར་རྒྱ་གར་ནང་ཏོག་དབྱིབས་ནད་འབུ་གསར་བ་ཕོག་པའི་ནད་པ་མི་གྲངས་༡༢༥་བྱུང་བ་དང་། ནད་དུག་དེའི་རྐྱེན་གྱིས་ད་བར་མི་གསུམ་འདས་གྲོངས་སུ་ཕྱིན་འདུག ཡིན་ནའང་། རྒྱ་གར་ནང་ད་བར་མི་གྲངས་༦༥༠༠་ཙམ་ལས་རྟག་དཔྱད་བྱས་མེད་པར་བརྟེན། མི་འབོར་དང་གྲངས་ཚད་ཀྱི་ཆ་ནས་རྒྱ་གར་ནི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་རྟག་དཔྱད་གནང་མཁན་ཉུང་ཤོས་གྲས་སུ་ཚུད་འདུག