༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ།
2009.07.06
༄༅༎རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཟབ་རྒྱས་ཞུས་ཡོད་པ་རེད།
༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོར་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་པའི་བཙན་བྱོལ་བོད་གཞུང་གིས་མཛད་གཙོ་རྣམ་པ་དང་དེ་བཞིན་བཞུགས་སྒར་དུ་འཚམས་གཟིགས་གནང་བཞིན་པའི་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པ་དང་སེར་སྐྱ་མི་མང་སོགས་མི་གྲངས་འཕོན་ཆེ་མཉམ་འཛོམས་ཀྱིས་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཡོད་ཅིང་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པའི་ནང་ད་ལྟའི་རྒྱ་ནག་གཞུང་དེར་བོད་རྒྱའི་དབར་གྱི་དཀའ་རྙོག་དངོས་སུ་སེལ་རྒྱུའི་འདུན་པ་ཡོད་མིན་ཐད་དོགས་པ་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན་ད་ཆ་རྒྱ་རིགས་མང་ཚོགས་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་ཐབས་ལམ་འཛིན་ནས་རྒྱ་རིགས་མང་ཚོགས་ཁྲོད་བོད་དོན་དངོས་ཤེས་རྟོགས་ཡོང་ཐབས་འབད་རྩོན་བྱེད་བཞིན་པ་དང་ཡིན་ནའི་རང་ངོས་ནས་རྒྱ་ནག་གཞུང་དང་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་སྲིད་བྱུས་ལ་འགྱུར་ལྡོག་གང་ཡང་མེད་པ་གསལ་སྟོན་གནང་ཡོད་པ་དང་འབྲེལ་རྒྱ་ནག་གཞུང་གིས་ད་ལྟའི་གོ་སྐབས་བཟང་པོ་དེ་བཟུང་ནས་བོད་རྒྱའི་དཀའ་གནད་སེལ་རྒྱུར་བློ་སྟོབས་ཆེན་པོས་གོམ་སྟབས་སྤོ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།