རྒྱ་ནག་གི་རྩོམ་པ་པོ་ལིའུ་དོ་དམ་དུས་བཀག་རིང་དུ་བཏང་བ།
2009.11.25
༄༅༎རྒྱ་ནག་གཞུང་གིས་འཛིན་བཟུང་དོ་དམ་བྱེད་བཞིན་པའི་རྒྱ་ནག་གི་རྩོམ་པ་པོ་ལིའུ་ཞའོ་ཕོའོ་བཙོན་འཇུག་དོ་དམ་གྱི་དུས་བཀག་ཟླ་བ་གཉིས་རིང་དུ་བཏང་ཡོད་པའི་སྐོར་ཁོང་གི་ཁྲིམས་རྩོད་པས་གཟའ་ལྷག་པའི་ཉིན་འགྲེལ་བརྗོད་གནང་བཞག་
རྩོམ་པ་པོ་ལིའུ་ཞའོ་ཕོའོ་ཡིས་རྒྱ་ནག་གཞུང་གིས་སྤྱི་འབངས་ལ་ཐོབ་ཐང་མང་ཙམ་སྤྲོད་དགོས་པའི་ཁར་རྒྱ་ནག་གུང་ཁྲན་ཚོགས་པས་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འཛིན་རྒྱུ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་ཞུས་པར་བརྟེན་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༨ཉིན་ཁོང་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ནས་གསང་བའི་ཐོག་ནས་ཟླ་བ་དྲུག་བཙོན་འཇུག་བྱས་ཡོད་པ་དང་ དེ་རྗེས་ད་ལོ་ཕྱི་ཟླ་དྲུག་པའི་ནང་རྒྱལ་ཁབ་ཀྱི་དབང་ཆ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་བཙུགས་ཐོག་ནས་དངོས་སུ་འཛིན་བཟུང་བྱས་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་རེད་ ལིའུ་ཞའོ་ཕོའོ་ཡིས་ཁྲིམས་རྩོད་པ་མའ་ཞའོ་བིང་གིས་གསུངས་ན་ ཉེན་རྟོག་པས་ད་རེས་གཟའ་ལྷག་པའི་ཉིན་ལིའུ་ཞའོ་ཕོག་དོ་དམ་བཀག་ཉར་བྱེད་ཡས་ཀྱི་དུས་བཀག་ཟླ་བ་གཉིས་རིང་དུ་བཏང་བའི་སྐོར་ལ་རྒྱུ་མཚན་གསལ་བཤད་གང་ཡང་བྱས་མེད་ལུགས་དང་ རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བྱས་ན་ ལིའི་ཞའོ་ཕོའོ་ཡིས་གནས་སྟངས་དེ་རིགས་བཀག་ཉར་བྱེད་ཡས་ཀྱི་དུས་བཀག་ནས་ཡོལ་ཟིན་པར་བརྟེན་ ངེས་པར་དུ་ཁྲིམས་བཤེར་བྱེད་དགོས་ཀྱི་ཡོད་པ་གསུངས་བཞག ད་ལོ་གུང་གྲངས་༥༣ལ་ཕེབས་ཀྱི་ཡོད་པའི་སྐུ་ཞབས་ལིའི་ཞའོ་ཕོའོ་དེའི་སྔོན་རྒྱ་ནག་གི་སློབ་གྲ་ཆེན་མོའི་དགེ་རྒན་གནང་མྱོང་ཡོད་པ་དང་ ཕྱི་ལོ་༡༩༨༩ལོའི་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་བྱུང་བའི་རྗེས་ རྒྱ་ནག་གཞུང་གིས་ཁོང་ཟླ་བ་ཉི་ཤུའི་རིང་བཙོན་འཇུག་བྱས་ཡོད་ཅིང་ ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱལ་ཁབ་ཕྱི་ནང་དུ་རྒྱ་ནག་གི་རྩོམ་པ་པོ་དང་མཁས་དབང་སོགས་ལས་རིགས་འདྲ་མིན་གྱི་མི་གྲངས་བརྒྱ་གྲངས་ཀྱིས་ས་རྟགས་འཁོད་པའི་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱ་དགོས་པའི་སྐོར་གྱི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པའི་ཡིག་ཆ་དེའི་ཟིན་བྲིས་དང་ས་རྟགས་བཀོད་མཁན་ཐོག་མའི་གྲས་ཡིན་པ་རེད་།