རྒྱལ་ཐང་ཤམ་བྷ་ལ་གནའ་བོའི་གྲོང་ལ་མེ་སྐྱོན་ཤོར་འདུག
2014.01.13

ཡུན་ནན་རྒྱལ་ཐང་རྫོང་གི་བོད་མིའི་གནའ་བོའི་གྲོང་ཚོ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཁང་པ་སུམ་བརྒྱ་ཙམ་མེ་བསྲེག་ཐེབས་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་དང་པོའི་ཚེས་༡༡ཉིན་གྱི་སྔ་དྲོར་ཡུན་ནན་རྒྱལ་ཐང་རྫོང་ནང་གི་བོད་མིའི་གནའ་བོའི་གྲོང་ཚོ་ཞིག་ལ་མེ་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང་། མེ་སྐྱོན་ཁྲོད་ཁུལ་དེའི་ཁང་པ་༢༤༢ཙམ་དང་གནའ་བོའི་དངོས་རྫས་མང་པོ་མེ་ཡིས་འཚིག་པ་དང་། ཡུལ་མི་ ༢༦༠༠ ལྷག་གནས་སྤོར་དགོས་བྱུང་ཡོད་ཀྱང་། ཁང་པ་དེ་རྣམས་མང་ཆེ་བ་ཤིང་ཁང་ཡིན་ཞིང། མེ་སྐྱོན་བྱུང་ཡུལ་ག་ཙོ་བོ་རྒྱལ་ཐང་རྫོང་ལ་ཡོད་པའི་མི་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་ཞིག་ཡིན་པ་དང། དེ་ནི་ལོ་ལྟར་ཡུལ་སྐོར་བ་མང་པོ་འབྱོར་སའི་གྲོང་ཚོ་ཁྱད་པར་ཅན་ཞིག་ཡིན་པར་མི་ཚོས་ཤམ་བྷ་ལ་ཞེས་འབོད་སྲོལ་ཡོད་པ་རེད། མེ་སྐྱོན་གྱི་གནོད་འཚེ་ཚབས་ཆེན་པོ་བྱུང་ཡོད་ཀྱང་ཡུན་ནན་ཞིང་ཆེན་གྱི་ས་གནས་དཔོན་རིགས་ནས་མཐའ་བསྡོམས་ཀྱི་གྱོང་གུད་ཇི་ཙམ་ཕྱིན་པའི་གྲངས་འབོར་ད་ལྟ་ཕྱིར་བསྒྲགས་བྱ་རྒྱུ་བསྡད་ཡོད་པ་བཤད་འདུག
དེ་ཐད་ཧྥ་རན་སི་གསར་འགྱུར་ལས་ཁང་གིས། རེས་གཟའ་སྤེན་པའི་ཉིན་མེ་སྐྱོན་བྱུང་བའི་སྐབས་མེ་གསོད་རུ་ཁག་དང་། དྭངས་བླངས་མེ་གསོད་མཁན་ཁྱོན་མི་ཆིག་སྟོང་ལྷག་འགྲེམས་འཇོག་བྱས་ཡོད་པ་དང། མེ་སྐྱོན་ནང་མི་ཤི་བའི་གནས་ཚུལ་ཐོན་མེད་པ་ཡང་འཁོད་འདུག
ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༩ ཉིན་མདོ་སྨད་མགོ་ལོག་གསེར་རྟ་བླ་རུང་ལྔ་རིག་སློབ་གླིང་གི་བཙུན་མའི་གླིང་ལ་ཡང་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཚོུད་བཅིུག་རིང་མེ་བསད་མ་ཐུབ་པར་ལུས་བ་དང་། ས་གནས་ནས་བོད་མི་ཞིག་གིས་བརྗོད་དོན། མེ་སྐྱོན་བྱུང་མ་ཐག་ཆོས་སྒར་གྱི་གྲྭ་བཙུན་དང་། ས་གནས་མང་ཚོགས་ཚོས་མེ་གསོད་ཐབས་བྱས་ཡོད་ཀྱང་། ཤིང་ཁང་ལས་གྲུབ་པའི་བཙུན་མའི་བཞུགས་ཤག་ཁག་མཉམ་འདུས་སུ་གནས་ཡོད་པ་དང་། ས་གནས་སུ་ཆུ་དཀོན་པ། ལྷག་པར་དགུན་དུས་མཚན་མོའི་རླུང་གི་རྒྱུ་ཕྱོགས་བཅས་ལ་བརྟེན་ནས་དུས་ཐོག་མེ་གསོད་མ་ཐུབ་པར། ཚོད་དཔག་བྱས་ན་བཞུགས་ཤག་ཁང་པ་བརྒྱ་ལ་ཉེ་བ་མེར་འཚིགས་འདུག རྗེས་རྒྱ་ནག་གི་དམག་མི་མི་ཉུང་བ་དང་། མེ་གསོད་རུ་ཁག་གི་རླངས་འཁོར་གཉིས་ཙམ་འབྱོར་ནས་མེ་གསོད་རོགས་བྱས་ཡོད་པ་དང་། རིམ་པས་མེ་སྐྱོན་བྱུང་ས་མང་ཆེ་བ་ནས་མེ་གསོད་ཐུབ་པ་བྱུང་ཡོད་ཀྱང་ད་དུང་ཡོངས་སུ་མེ་གསོད་པ་བྱུང་མི་འདུག་པས་ཚང་མས་མཉམ་དུ་མེ་གསོད་ཐབས་ལ་འབད་བཞིན་འདུག་ཟེར། ཡང་མེ་སྐྱོན་བྱུང་དོན་སྐོར་འདྲི་སྐབས། དེ་ནི་རྒྱ་རིགས་བཙུན་མ་ཞིག་གིས་མཆོད་མེ་སྤར་བ་ལས་མེ་སྐྱོན་བྱུང་བའི་བཤད་ཚུལ་ཙམ་ལས་གསལ་བོ་གང་ཡང་མེད་པ་སོགས་ངོ་སྤྲོད་བྱས་བྱུང་། དེ་ལྟར་དོན་དངོས་ད་ཐེངས་བླ་རུང་སྒར་གྱི་མེ་སྐྱོན་ཁྲོད་གོད་ཆགས་ག་ཚོད་བྱུང་ཡོད་མེད་གནས་སྐབས་ཁ་གསལ་མེད་ཀྱང་། མི་ལ་ཤི་སྐྱོན་དང་རྨས་སྐྱོན་ཕོག་མེད་པ་བཤད་བཞིན་པ་རེད། དེ་ནས་ཉིན་གཉིས་ལས་མ་འགོར་བར་རྒྱལ་ཐང་ཕྱོགས་སུ་མེ་སྐྱོན་ཚབས་ཆེ་བྱུང་བ་དང་། ད་ཐེངས་བསྟུད་མར་མེ་སྐྱོན་བྱུང་ཡུལ་གསེར་རྟ་བླ་རུང་སྒར་དང་། རྒྱལ་ཐང་གཉིས་ཀྱི་མེ་སྐྱོན་བྱུང་རྩ་ད་ལྟའི་འཆར་གསལ་པོ་གང་ཡང་མེད་པ་རེད།
གསར་འགོད་པ་ཉི་མ།