རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་ཐབས་གནང་དགོས།


2015.03.10
ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་Claudia Rothམཆོག ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་Claudia Rothམཆོག
Photo: RFA

བོད་མི་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད་སྟབས་རྒྱ་ནག་གཞུང་གིས་བསམ་ཤེས་ལྡན་པའི་ཐོག་ནས་བོད་མིའི་དཀའ་ངལ་སེལ་ཐབས་གནང་དགོས་གསུངས།
དེ་ཡང་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༦པའི་ཐོག་གི་སྐུ་མགྲོན་གཙོ་བོ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་Claudia Rothམཆོག་གིས་རྡ་རམ་ས་ལར་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དེའི་སྐབས། བོད་མི་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད་སྟབས་རྒྱ་ནག་གཞུང་ནས་བསམ་ཤེས་ལྡན་པའི་ཐོག་ནས་བོད་མིའི་དཀའ་ངལ་སེལ་ཐབས་གནང་དགོས་པ་གསུངས་ཡོད་པ་དང་། ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་Claudia Rothམཆོག་ནི་ཇར་མན་གྱི་སྔོ་ལྗང་སྲིད་དོན་ཚོགས་པའི་ཚོགས་གཙོ་གནང་མྱོང་ཡོད་པ་ཞིག་ཡིན་ཞིང་། ཁོང་གིས་གསར་འགོད་ལྷན་ཚོགས་སྐབས། ལོ་ངོ་༢༥འི་གོང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐོག་མར་བྱུང་བ་ནས་བཟུང་། ༧གོང་ས་མཆོག་དང་ཡང་ཡང་མཇལ་རྒྱུའི་གོ་སྐབས་བྱུང་རིམ་སོགས་འགྲེལ་བརྗོད་གནང་ཞིང་། ཁོང་རྡ་རམ་ས་ལར་བཅར་ཏེ་བོད་མིའི་དཀའ་ངལ་དང་སྡུག་བསྔལ། མིག་ཆུ་དང་འཛུམས་གདངས་སོགས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གིས། དཀའ་སྡུག་མྱོང་བཞིན་པའི་མི་རིགས་རྣམས་བརྗེད་པ་ཡིན་ན་ཁོང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རིམ་བཞིན་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་གསུངས་ཤིང་། བོད་མི་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད་ཅེས་དང་། བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་དེ་གཞི་རྩར་བཞག་པའི་ཐོག་ནས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ནི་གཞི་རྩའི་ཆ་ནས་ཧ་ཅང་ཡག་པོ་ཞིག་གཟིགས་ཀྱི་འདུག་པས། ཁོང་གི་ངོས་ནས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོས་གུ་ཡངས་ཐོག་ནས་བོད་མི་ཚོ་དང་མཉམ་དུ་གྲོས་མོལ་གནང་དགོས་པའི་རེ་འདུན་གནང་པར་མ་ཟད། བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་འབྱུང་ཚེ་རྒྱ་ནག་རྒྱལ་ཁབ་ལ་ཡང་ཁེ་ཕན་ཡོད་པ་ཞིག་ཡིན་ལ་རྒྱ་ནག་གི་རྩ་ཁྲིམས་ནང་རང་སྐྱོང་གི་ཐོབ་ཐང་ཁག་འཁོད་པའི་འབྲུ་དོན་དང་ཡང་མཐུན་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེའི་ཐོག་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག དེ་བཞིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་དང་། ཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བཅས་ལྷན་འཛོམས་གནང་ཞིང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ད་རེས་དམིགས་བསལ་བོད་མིའི་སྒེར་ལངས་ཐེངས་༥༦པ་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ཆེད་ཕེབས་གནང་པར་གཞིས་ཞུགས་བོད་མི་གཙོས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་དགའ་བསུ་དང་སྦྲགས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཞིང་། སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མི་ཚོས་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་བོད་མའི་ཐོབ་ཐང་ལ་རྩོད་བཞིན་པའི་སྐབས་འདིར་སྐུ་ཉིད་འདི་གར་ཆེད་ཕེབས་གནང་པ་དེས་ཁོང་ཚོའི་སེམས་ནང་འཛམ་གླིང་ནང་དྲང་བདེན་ལ་དགའ་བའི་དབུ་ཁྲིད་རྣམས་ཀྱིས་ང་ཚོར་རྒྱབ་སྐྱོར་གནང་གི་འདུག་བསམ་པའི་བློ་སྤོབས་བྱིན་ངེས་ཡིན་པ་གསུངས་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎