སྤྱི་འཐུས་ཚོཌ་གཞོན་གྱིས་ཞི་བའི་ལྷན་ཚོཌ་སར་གསུང་བཤད།
2011.07.27
༄༅༎བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བྱང་ཨཕ་རི་ཀའི་རྒྱལ་ཁབ་ཀྲུ་ནི་ཤི་ཡ་ནང་འཚེ་མེད་ཞི་བའི་ལྷན་ཚོགས་ཤིག་གི་ཐོག་གསུང་བཤད་གནང་འདུག།
ཟླ་བ་འདིའི་ཚེས་༢༢ནས་༢༤བར་ཀྲུ་ནི་ཤི་ཡའི་རྒྱལ་ས་ཀྲུ་ནི་ཤི་ཡ་ནང་ཨི་ཀྲ་ལིའི་ཆབ་སྲིད་ཚོགས་པ་Nonviolent Radical ཚོགས་པ་། Transnational and Transparty General Council ཞེས་པས་གོ་སྒྲིག་འོག་ལྷན་ཚོགས་གནང་ཡོད་པའི་སར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་༢༡ཉིན་Palais des Congres མགྲོན་ཁང་དུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་གནང་བ་དང༌། དགོང་དྲོ་ཕྱོགས་མཐའ་ཁག་ནས་ལྷན་ཚོགས་སུ་ཕེབས་པའི་སྐུ་མགྲོན་རྣམ་པ་ཚོར་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་གནང་འདུག།
དེའི་ཉིན་ཕྱི་མ་ཕྱི་ཚེས་༢༢ཉིན་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོ་གནང་ཡོད་ཅིང༌། ཉིན་གསུམ་གྱི་ལྷན་ཚོགས་གནང་བའི་དུས་རིང༌། ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་སྐུ་ཚབ་འཐུས་མི་རྣམ་པས་ ཨ་རབ་རྒྱལ་ཁབ་ཁག་གི་ནང་ཆབ་སྲིད་འཕོ་འགྱུར་འགྲོ་བཞིན་པའི་གནས་སྟངས་དང༌། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དབང་ཆའི་ཁྱབ་ཚད། ཡུ་རོཔ་དང་ཨ་རབ་ཡུལ་གྲུའི་ནང་ཞི་བདེ་དང་དམངས་གཙོའི་ལྟ་གྲུབ། ཚན་རིག་ཉམས་ཞིབ་ཀྱི་རང་དབང་སླད་རྒྱལ་སྤྱིའི་ཚོགས་པ་ཞེས་པའི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་
ཆེད་རྩོམ་སོགས་སྒྲོགས་སྦྱང་གནང་འདུག། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ གོང་ཞུས་ཚོགས་པ་དེས་བོད་དོན་ལ་རྒྱབ་སྐྱོར་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉེ་ལམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་རྩིས་སྤྲོད་མཛད་པའི་དམངས་གཙོའི་ལམ་བཟང་ཡང་དག་པ་ཕྱག་བསྟར་མཛད་ཡོད་པའི་སྐོར་དང༌། རྒྱ་ནག་གིས་བོད་ནང་དབང་སྒྱུར་བྱས་པ་ནས་བཟུང་ཉིན་རེ་བཞིན་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང༌། ཁོར་ཡུག་གནས་སྟངས་སོགས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་ལུགས་འགྲེལ་བཤད་དང་འབྲེལ། བོད་ཀྱི་གནད་དོན་སེལ་ཐབས་སུ་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ཐོག་འགྲོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་བཞག།