ལྡན་མ་བློ་ཆོས་རིན་པོ་ཆེ་དགུང་ལོ༨༦ཐོག་སྐུ་གཤེགས་འདུག


2014.10.24

ལྡན་པ་བློ་ཆོས་རིན་པོ་བཞུགས་སྒར་དྷ་རམ་ས་ལའི་བཞུགས་ཤག་ནས་སྐུ་གཤེགས་པ་དང་ད་ལྟ་ཐུགས་དམ་ལ་བཞུགས་ཡོད་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢༣གྱི་ཕྱི་དྲོའི་ཚོུད་༤ཙམ་ལ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལའི་གཟིམ་ཤག་ཏུ་དགོངས་པ་ཆོས་དབྱིངས་ཐིམ་ཡོད་པ་དང་། དགོངས་པ་རྫོགས་དུས་དགུང་གྲངས་༨༦ལ་ཕེབས་ཀྱི་ཡོད་འདུག རིན་པོ་ཆེ་མཆོག་གི་སྐུ་མཆེད་ཤིག་གིས་འདི་གའི་བཞུགས་སྒར་གྱི་གསར་འགོད་པ་ཨུ་རྒྱན་བསྟན་འཛིན་ལགས་སུ་དགོངས་པ་རྫོགས་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་ཡོད་པའི་ནང་། སྤྱིར་བཏང་རིན་པོ་ཆེ་སྐུ་ན་བགྲེས་པ་དང་། གཅིན་སྙི་མངར་འགྱུར་གྱི་སྙུང་གཞི་ཡོད་པར་བརྟེན་ཉིན་ཤས་གོང་ནས་གཅིན་སྙིའི་ཚད་གཞི་མཐོ་པོར་ཕེབས་ནས་དེ་ཉིན་དགོངས་པ་རྫོགས་ཡོད་པ་དང་། ད་ལྟའི་ཆར་ཐུགས་དམ་ལ་བཞུགས་ཡོད་སྟབས་རིན་པོ་ཆེའི་སློབ་མ་ཚོ་མ་གཏོགས་གཞན་རྣམས་སྐུ་ཕུང་མཇལ་ཁ་གཏོང་གི་མེད་པ་དང་། རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་རྫོགས་མཚན་ཉིད་གྲྭ་ཚང་དང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གཉིས་ནས་ཐུགས་འགན་བཞེས་ཀྱི་ཡོད་པ་སོགས་ངོ་སྤྲོད་གནང་འདུག
ཞིང་གཤེགས་དམ་པ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༢༨ལོར་ཁམས་སྒ་བ་འགུལ་གཡས་གྲོང་གི་དཔོན་ཁྱིམ་ཞིག་ཏུ་སྐུ་བལྟམས་ཡོད་ཅིང་། པན་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་མཁས་པའི་དབང་པོ་དགེ་བཤེས་བློ་ཆོས་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་དང་།  དགུང་ལོ་བཅུ་ལ་ཕེབས་སྐབས་སུ་སྤུག་བླ་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ཡོད་ཅིང་། ཕྱི་ལོ་༡༩༣༨ལོར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ཏེ་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་བཞེས་ཡོད་པ་རེད་། དེ་ནས་ཕྱི་ལོ་༡༩༤༦ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་༡༩༥༣ལོར་ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ལྷ་རམ་པ་ཨང་དང་པོའི་མཚན་གནས་བཞེས་ཡོད་པ་རེད། ༡༩༥༩ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་ཝ་ར་ན་སི་དང་། ཀ་ལི་ཀ་ཏ། ལ་དྭགས་སོགས་སུ་བཞུགས་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད་ཅིང་། ཕྱི་ལོ་༡༩༨༤ལོར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོའི་མཚན་གནས་བཞེས་ནས་སྔགས་ཀྱི་འཛིན་གྲྭ་གསར་འཛུགས་གནང་བ་སོགས་སློབ་གཉེར་མི་ཉམས་གོང་འཕེལ་གྱི་མཛད་པ་རྒྱ་ཆེར་སྤེལ་གནང་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎