བོད་ནང་གི་འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་ཁག་ཅིག་གསར་རྙེད་བྱུང་འདུག
2020.11.12
བོད་ནང་གི་འབྲོག་པ་ཞིག་གིས་ཡུལ་ཤུལ་ཕྱོགས་ཀྱི་ཟླ་ཆུའི་ཆུ་མགོའི་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་ཁག་ཅིག་གསར་རྙེད་བྱུང་འདུག
ཉེ་ཆར་བོད་ནང་གི་འབྲོག་པ་ཞིག་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་ཕྱོགས་ཀྱི་ཟླ་ཆུའི་ཆུ་མགོའི་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་ཁག་ཅིག་གསར་རྙེད་བྱུང་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་གི་པར་རིས་ལ་བལྟས་ན། བྲག་བརྐོས་རི་མོ་དེ་ཚོ་བྲག་རྡོའི་ཐོག་ཤྭ་བ་སོགས་སེམས་ཅན་ཁག་ཅིག་གི་གཟུགས་རིས་རྡོ་བརྐོས་བྱས་ཡོད་པ་མཐོང་རྒྱུ་ཡོད་པ་དང་། གསར་ལམ་གྱི་གནས་ཚུལ་ལྟར་ན། གསར་རྙེད་བྱུང་བའི་བྲག་བརྐོས་རི་མོ་དེ་ཚོའི་ཐད་རིགས་གཅིག་མཁས་ཅན་དང་མཁས་དབང་ཞིབ་འཇུག་པ་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་འཁོད་འདུག
བྲག་བརྐོས་རི་མོ་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་སྔ་དུས་ཀྱི་ཐོན་དངོས་ཤིག་ཡིན་པ་དང་། གནའ་སྔ་མོའི་གདོད་མའི་ཚོ་པའི་རིག་གནས་ཤུལ་ལུས་དང་། ཡི་གེ་མ་བྱུང་གོང་གི་གདོད་མའི་སྐབས་བཞག་པའི་རྩ་ཆེའི་ལོ་རྒྱུས་ཀྱི་དཔྱད་གཞི་ཞིག་ངོས་འཛིན་བྱེད་བཞིན་པ་དང་། སྡོམ་མདའ་གྲོང་རྡལ་གྱི་པ་ཡན་ཧ་རིའི་རི་རྒྱུད་དང་ཆ་སྙོམས་ས་བབ་མཐོ་ཚད་རྨིས་༥༠༠༠ཡན་ཟིན་པའི་ཟླ་ཆུའི་ཆུ་འགོའི་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་རྙེད་ཐེངས་གཉིས་པ་དེ་ཡིན་པ་རེད་འདུག
དེ་སྔོན་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་རྒན་གྱ་ནས་གནའ་མིའི་འགྲམ་རུས་ཤིག་རྙེད་པ་ཚན་རིག་པས་ལོ་མང་རིང་བརྟག་དཔྱད་བྱས་རྗེས། བོད་ནང་ལོ་ཆིག་འབུམ་དྲུག་ཁྲིའི་གོང་དུ་འགྲོ་བ་མིའི་རིགས་བྱུང་བ་ཡོད་པའི་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་ཡོད།