ལྡི་ལིའི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་དུས་ཡུན་གཙང་སྟེ་དོན་ཁང་གི་ལས་དོན་རྩིས་སྤྲད་གནང་བ།

རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་སྐུ་ཚབ་དོན་གཅོད་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་ལགས། སྤྱི་ཟླ་༨པའི་ཚེས་༦ཉིན་ནས་ལོ་དྲུག་གི་ཕྱག་ལས་ཀྱི་དུས་ཡུན་ཡོངས་སུ་ཚང་སྟེ། དོན་གཅོད་ཚབ་གསར་མ་བསྐོས་ཀྱི་བར་དུ་དོན་གཅོད་ཁང་གི་ལས་དོན་རྣམས། ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་སུ་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་མ་ཟད། རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་སྤྲོད་དཔང་དུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཆེད་བཅར་གནང་ཡོད་ཅིང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནས་བོད་ཀྱི་བརྙན་འཕྲིན་ཐོག་བཀའ་ལན་ཐུང་ངུ་ཞིག་གནང་བའི་ནང་། སྒྲིག་གཞིའི་ཐོག་ནས་ལས་དོན་ཆ་ཚང་གཙང་བ་དང་། དེ་སྔོན་རྡ་རམ་ས་ལར་ཕྱག་ལས་གནང་བ་སོགས་སྔ་རྗེས་བསྡོམས་པའི་ལོ་༤༥རིང་། ཁོང་གིས་༧གོང་ས་མཆོག་དང་བོད་གཞུང་ལ་ཞབས་ཕྱིའི་གོ་སྐབས་ཐོབ་པ་ནི། དུས་དང་རྣམ་པ་ཀུན་ཏུ་བསྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོར་ཚོར་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་སོ་སོ་སྒེར་ངོས་ནས་གང་ཡོང་ཅི་ཡོང་དང་ལྷག་བསམ་རྣམ་དག་བྱས་ཡིན་བསམ་གྱི་ཡོད་མོད། སྤྱི་པའི་ཐོག་རྔོ་ཐོག་མིན་ཅི་བྱུང་རྒྱ་ཆེའི་མང་ཚོགས་ཀྱིས་གཟིགས་རྒྱུ་མ་གཏོགས། ངས་དེའི་ཐོག་ཞུ་སྤོབས་མི་འདུག་སྟེ།ཡིན་ནའང་། འདས་པའི་ཞབས་ཕྱི་སྔ་ཕྱིར་ཞུས་ས་གཉིས་ཀའི་ནང་དུ་དམིགས་བསལ་༧གོང་ས་མཆོག་གི་ཞབས་འོག་ལ་ཐག་ཧ་ཅང་ཉེ་བོའི་ལམ་ནས་ཞབས་ཞུའི་གོ་སྐབས་ཐོབ་པ་དེ།དམིགས་བསལ་བསྐལ་བཟང་དང་བསོད་ནམས་ཆེན་པོར་བསམ་གྱི་ཡོད་ཅེས་དང་། ཡང་ཁོང་གིས་སོ་སོ་ལ་དམིགས་བསལ་རྒན་ཡོལ་དུ་ཕྱིན་ཏེ་འཆར་གཞི་དེ་འདྲ་མེད་ནའང་། ལོ་ནའི་བབས་ཀྱིས་སོ་སོའི་ནང་མི་དང་ལྷན་དུས་ཚོད་བཏང་རྒྱུ་དང་། ཚེ་ཕྱི་མའི་ལམ་རྒྱག་གྲ་སྒྲིག་སོགས་ཀྱི་བསམ་འདུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྤྲོད་དཔང་དུ་ཕེབས་པ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཀྱང་། གནས་ཚུལ་གཞན་དག་ཅི་མེད་པར་བཀའ་ཟུར་མཆོག་གཞུང་ཞབས་བགྲེས་ཡོལ་དུ་སྔོན་མ་ནས་ཕེབས་ཚར་པ་ཞིག་དང་། བཀའ་བློན་ལས་ཐོག་ཐེངས་མ་གཉིས་གནང་བ་དང་ལྡི་ལིའི་དོན་གཅོད་དང་བདེ་སྲུང་དྲུང་ཆེ་སོགས་གནང་བ། མདོར་ན་མི་ལོ་༤༥རིང་ལ་ཞབས་ཞུ་གནང་བ་སོགས་འགྲེལ་བརྗོད་གནང་གི་འདུག་
བདེ་སྲུང་དྲུང་ཆེ་དང་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་ལགས་ནི། སྤྱི་ལོ་༡༩༥༦ལོར་བོད་དབུས་གཙང་གཉའ་ནང་དུ་འཁྲུངས་པ་དང་། བཙན་བྱོལ་དུ་ཕེབས་ཏེ་བོད་གཞུང་ནང་ཐེམ་པ་རིམ་འཛེགས་ཀྱིས་ཕྱག་ལས་གནང་བ་བརྒྱུད། ཡུན་རིང་བདེ་སྲུང་དྲུང་ཆེ་དང་བདེ་སྲུང་བཀའ་བློན་ཚར་གཉིས་གནང་བ།ལྡི་ལིའི་དོན་གཅོད་ལོ་དྲུག་སོགས། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཆེའི་གོ་གནས་ཀྱི་ཐོག་ཕྱག་ལས་ཡུན་རིང་གནང་བའི་མི་སྣ་ཞིག་ཆགས་ཀྱི་ཡོད་པའི་མུར། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པའི་མཛད་འགན་མུ་མཐུད་དུ་བཞེས་བཞིན་པ་རེད།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།