བལ་ཡུལ་གཞུང་གིས་རྒྱལ་ནང་དམ་དྲག་ཇེ་ཆེར་བཏང་འདུག
2015.01.22
ཉེན་རྟོག་པ་སྟོང་ཕྲག་མང་པོས་དྲག་པོའི་བྱ་སྤྱོད་སྔོན་འགོག་བྱེད་པའི་གོ་ལག་བཟུང་ནས་གྲོས་ཚོགས་ཁང་སྲུང་སྐྱོབ་བྱེད་རྒྱུ་ཡིན།
དེ་ཡང་བལ་ཡུལ་གྱི་གྲོས་ཚོགས་ལ་དཀའ་ངལ་མང་པོ་ཞིག་འཕྲད་སྲིད་པའི་སྐྲག་སྣང་འོག་ བལ་ཡུལ་གཞུང་ནས་རྒྱལ་ས་ཀཱ་ཐ་མན་ཀྲུའི་ནང་གི་གྲོས་ཚོགས་ཚོགས་ཁང་གཙོ་བོར་འགྱུར་བའི་གཞུང་ལམ་ཁག་གི་བདེ་འཇགས་ལ་ཤུགས་སྣོན་རྒྱབ་ཡོད་པ་དང་། བལ་ཡུལ་གྱི་མཉམ་འབྲེལ་སྲིད་གཞུང་དེས་གྲོས་ཚོགས་ནང་གྲོས་ཆོད་ཞིག་བཞག་པ་བརྒྱུད་རྩ་ཁྲིམས་གསར་པ་གཏན་འཁེལ་ཐུབ་པ་བྱེད་རྒྱུའི་འཆར་གཞི་ཞིག་གཏིང་ཡོད་པས། དེར་བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད་། ད་དུང་བལ་ཡུལ་གྱི་རྒྱལ་སའི་ནང་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་འཐེན་བཞིན་པར་བརྟེན་ཚེས༢༢ཉིན་ནས་བལ་ཡུལ་གཞུང་ཕྱོགས་ནས་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲུའི་ནང་ཡོད་པའི་གྲོས་ཚོགས་ཚོགས་ཁང་དང་། དེ་བཞིན་གཞུང་ལམ་ཐོག་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་བྱས་ཏེ། གྲོས་ཚོགས་ཚོགས་ཁང་གཙོ་བོར་འགྱུར་བའི་གཞུང་ལམ་ཁག་གི་བདེ་འཇགས་ལ་ཤུགས་སྣོན་རྒྱབ་ཡོད་པ་རེད་འདུག་ལ། བལ་ཡུལ་རྒྱལ་སའི་སྲིད་འཛིན་སྤྱི་ཁྱབ་པ་Ek Narayan Aryal ཞུ་བས། བལ་ཡུལ་གྱི་ཉེན་རྟོག་པ་སྟོང་ཕྲག་མང་པོས་དྲག་པོའི་བྱ་སྤྱོད་སྔོན་འགོག་བྱེད་པའི་གོ་ལག་བཟུང་ནས་རྩ་ཁྲིམས་ལྷན་ཚོགས་དང་རྒྱལ་ས་ཀཱ་ཐ་མན་ཀྲུའི་མངའ་ཁུལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་གསུངས་འདུག
གཞན་ཡང་བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པའི་ངོས་ནས། ཐེངས་འདིའི་བལ་ཡུལ་གྲོས་ཚོགས་ནང་གྲོས་ཆོད་བཞག་ཏེ་རྩ་ཁྲིམས་གསར་པ་གཏན་འཁེལ་བྱེད་རྒྱུའི་སྲིད་གཞུང་གི་འཆར་གཞི་དེ་བཀག་ཐུབ་པ་བྱེད་རྒྱུ་ཡིན་པའི་དམ་བཅའ་བཞག་ཡོད་པ་རེད་འདུག
ཚེས་༢༠ཉིན་བལ་ཡུལ་རྩ་ཁྲིམས་ཟིན་བྲིས་གྲོས་ཚོགས་ཚུགས་པའི་སྐབས་རྩ་ཁྲིམས་གསར་པ་གཏན་འབེབས་བྱེད་རྒྱུའི་ཐད་བལ་ཡུལ་གྱི་ཕྱོགས་འགལ་མའོ་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་ཀྱི་སར་རྐུབ་སྟེགས་གང་བྱུང་གཡུགས་ནས་བདེ་སྲུང་ཉེན་རྟོག་པ་བཞི་ཙམ་རྨས་སྐྱོན་བྱུང་བ་སོགས་གྲོས་ཚོགས་ཀྱི་ནང་ཟང་ཟིང་ཆེན་པོ་ཞིག་བཟོས་ཡོད་པ་དང་། དེ་བཞིན་ཁྲོམ་གཞུང་ཐོག་ལ་ཡང་ཟང་ཟིང་གི་རྣམ་པ་བྱུང་ཡོད་པ་རེད།
བལ་ཡུལ་གྱི་གཞུང་འཛིན་མནའ་འབྲེལ་སྲིད་དོན་ཚོགས་པ་ཁག་ནི། རྩ་ཁྲིམས་ཟིན་བྲིས་གྲོས་ཚོགས་ཀྱི་ནང་འཐུས་མི་༦༠༥ཡོད་པའི་ཁོངས་ནས་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཡོད་པ་ཞིག་ཆགས་ཡོད་ཅིང་། ཁོང་ཚོས་རྩ་ཁྲིམས་གསར་པ་དེ་འཐུས་མི་མང་མོས་ཀྱི་ཐོག་ནས་གཏན་འབེབ་དགོས་ལུགས་བརྗོད་ཀྱི་ཡོད་པ་དང་། འོན་ཀྱང་ཁ་གཏད་ཚོགས་པ་ཁག་གིས་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་དེ་སྲིད་དོན་ཚོགས་པ་ཡོངས་རྫོགས་ཀྱི་སྤྱི་མོས་ཡོད་པ་ཞིག་དགོས་ལུགས་ནན་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ཀུན་བཟང་རིག་འཛིན་དང་བསྟན་ནོར།