དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་བྱམས་སྙིང་རྗེ་སློབ་གྲྭའི་ནང་སློབ་ཐུབ་པ་བཟོ་དགོས། ༧གོང་ས་མཆོག་གིས།

2022.09.15
དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་བྱམས་སྙིང་རྗེ་སློབ་གྲྭའི་ནང་སློབ་ཐུབ་པ་བཟོ་དགོས། ༧གོང་ས་མཆོག་གིས། ༸གོང་ས་མཆོག་གིས་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་བཀའ་ཆོས་སྩལ་བཞིན་པ། ༢༠༢༢།༠༩།༡༥
OHHDL

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤེ་ཡའི་མི་རིགས་ཀྱི་དད་ལྡན་པ་ཚོར་དམིགས་ཏེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་༩པའི་ཚེས་༡༥ནས་༡༦ཉི་མ་གཉིས་ཀྱི་རིང་། རྒྱ་གར་གྱི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་རང་འགྲེལ་གྱི་བཀའ་ཆོས་གནང་སྐབས། ༸གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་སྲོལ་ནང་བརྩེ་བ་དེ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་བཅུག་དགོས་པ་དང་། རྒྱ་གར་གྱི་བདག་ཉིད་ཆེན་མོ་གྷན་ངྷིའི་ལྟ་སྤྱོད་ཀྱིས་འཚེ་བ་མེད་པའི་ལམ་སྟོན་ཡག་པོ་གནང་ཡོད་ནའང་། སྙིང་རྗེའི་སྐོར་ཅུང་ཟད་ལྷོད་གཡེང་ཤོར་ཡོད་པར་བརྟེན། དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་བྱམས་སྙིང་རྗེ་སློབ་གྲྭའི་ནང་སློབ་ཐུབ་པ་བཟོ་དགོས་ཞེས་བཀའ་སྩལ་གནང་གི་འདུག

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ཚང་མས་དུས་ཚོད་གཉན་འཕྲང་གི་སྐབས་འདིར། སངས་རྒྱས་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སློབ་སྦྱོང་བྱེད་ཐུབ་པ། བསམ་བློ་གཏོང་རྒྱུ་ཡོད་པ་དང་རིམ་པས་སེམས་ནང་མྱོང་བ་སྐྱེ་རྒྱུ་ཡོད་པ་ནི་མངོན་སུམ་ཚད་གྲུབ་ཡིན་པས།ང་ཚོ་སྒེར་ལ་ད་རེས་ལས་བསྐལ་བ་བཟང་བ་ཞིག་མེད་ཅེས་བཀའ་གནང་གི་འདུག

ཡང་༸གོང་ས་མཆོག་གིས་ང་རང་གི་ཆེ་བ་སྒྲོག་པ་མིན་ཏེ། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་རྩོལ་བཅས་ཀྱི་མྱོང་བ་ཞིག་ཏན་ཏན་སྐྱེས་བསྡད་པ་དེས། སེམས་ལ་ཕན་ཐོགས་ཡོད་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་བསམ་བློ་བཏང་ནས་སེམས་ལ་འགུལ་བསྐྱོད་ཐེབས་ན། སེམས་ལྷོད་ལ་བབས་ཏེ་གཉིད་སྐྱིད་པ་དང་གཟུགས་པོ་བདེ་བ། ཉིན་མ་རེ་རེའི་མི་ཚེ་ཞི་ལྷོག་བག་ཕེབས་ཡོང་ཐུབ་ཀྱི་འདུག་ཅེས་བཀའ་སྩལ་གནང་གི་འདུག

གཞན་ཡང་༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཧ་ཅང་སྤུས་དག་པོ་ཞིག་ཡོད་པ་དེ། ད་ལྟའང་རྒྱ་མི་རིགས་ཀྱི་ནང་གུང་ཁྲན་གྱི་ལྟ་བ་གུ་དོག་ཅན་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་མེད་པ་བཟོ་ཐབས་རིམ་པ་བྱས་ཀྱང་། བོད་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་འགུལ་བསྐྱོད་ཐེབས་ཐུབ་ཀྱི་མེད་པ་ལམ་སྟོན་གནང་གི་འདུག

དབུ་མ་འཇུག་པའི་བཀའ་ཆོས་འདི་ནི་ཆེད་དུ་བྱ་བའི་གདུལ་བྱ་ལྷོ་ཤར་ཨེ་ཤེ་ཡའི་ཝི་ཏི་ནམ་དང་སིང་ག་ཕོར། ཐེ་ལན་ཌི་སོགས་ཀྱི་ཆོས་ཞུ་བ་དྲུག་བརྒྱ་ལྷག་ཡོད་པར་དམིགས་པ་ཡིན་ནའང་། ལྷོ་ཨ་མི་རི་ཀའི་སྦི་རཱ་ཛིལ་དང་ཨར་ལྗན་ཌི་ནཱ་སོགས་དང་།དཀྱིལ་ཤར་ཡུལ་གྲུ་ཁག ཡོ་རོབ་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་རྒྱལ་ཕྲན་ཁག ཨོ་གླིང་དང་བྱང་ཨ་མི་རི་ཀ རྒྱ་གར་དང་རྒྱ་ནག་སོགས་ནས་ཀྱང་ཆོས་ཞུ་བ་བསྡོམས་པས་ལྔ་སྟོང་བརྒྱད་བརྒྱ་ལྷག་བཅར་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎