རྒྱ་ནག་གི་སྲིད་བློན་ཟུར་བ་ལེ་ཕུན་གྱི་བུ་མོའི་གསང་བ་རྡོལ་འདུག
2015.02.10
ལེ་ཕུན་གྱི་བུ་མོས་སུད་སི་དངུལ་ཁང་དུ་ཨ་སྒོར་ས་ཡ་༢དང་འབུམ་༤གསང་བའི་དངུལ་བཅོལ་བྱས་ཡོད་པ་གནས་ཚུལ་ཕྱི་ལ་རྡོལ་འདུག
དེ་ཡང་རྒྱ་ནག་གི་སྲིད་བློན་ཟུར་པ་Li Pengགྱི་བུ་མོ་Li Xiaolinགྱིས་སུད་སི་དངུལ་ཁང་དུ་ཨ་སྒོར་ས་ཡ་༢དང་འབུམ་༤གསང་བའི་དངུལ་འཛིན་ནང་དངུལ་བཅོལ་བྱས་ཡོད་པ་རྒྱལ་སྤྱིའི་གནས་ཚུལ་ཞིབ་འཇུག་བྱེད་མཁན་གྱི་གསར་འགོད་མཐུན་ཚོགས་ཀྱིས་ཤེས་རྟོགས་བྱུང་ཡོད་པ་དང་། Li Xiaolinནི་དེ་སྔ་༡༩༨༩ལོར་རྒྱ་ནག་གི་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལ་མི་གསོད་ཀྱི་དྲག་གནོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་མཁན་སྲིད་བློན་ཟུར་པ་Li Pengགི་བོུ་ཡིན་པ་དང། ད་རེས་ཐོན་པའི་གནས་ཚུལ་དེ་ནི་འདས་ཟིན་པའི་ལོ་ངོ་བཞི་བཅུའི་ནང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་སམ་ཆབ་སྲིད་མི་སྣ་ཚོ་ཧ་ཅང་གི་འབྱོར་ལྡན་པ་ཆགས་པ་ཚོའི་ནང་མིའི་ནང། ཕྱིའི་རྒྱལ་ཁབ་ཀྱི་དངུལ་ཁང་དུ་དངུལ་འཛིན་བཟོས་ཏེ་དངུལ་བཅོལ་བྱེད་མཁན་ཚོའི་གནས་ཚུལ་ཕྱིར་བསྒྲགས་ཡོང་བཞིན་པའི་ཁྲོད་ནས་ད་རེས་Li Pengགྱི་བུ་མོས་སུད་སི་དངུལ་ཁང་དུ་དངུལ་བཅོལ་བྱས་ཡོད་པའི་གནས་ཚུལ་ཐོན་པ་ཞིག་ཡིན་པ་རེད། འོན་ཀྱང་གོང་གསལ་རྒྱལ་སྤྱིའི་གནས་ཚུལ་ཞིབ་འཇུག་གནང་མཁན་གསར་འགོད་མཐུན་ཚོགས་ICIJཡིས་བཏོན་པའི་གནས་ཚུལ་དེའི་ཐད་ལ་Li Xiaolinགྱིས་དེ་བྱས་འདི་མིན་གནས་ཚུལ་གང་ཡང་ལན་འདེབས་བྱས་མེད་ཅིང། དེ་ནི་Li Xiaolinནི་རྒྱ་གཞུང་གིས་གཉེར་བའི་ཆུ་དང་གློག་གི་ལས་ཁུངས་ཀྱི་འགོ་འཛིན་ཡིན་པར་བརྟེན་ནས། ཁོང་ཚོས་དེ་རིང་རེས་གཟའ་མིག་དམར་ཉིན་ཁོང་ལས་ཀ་བྱེད་ཡུལ་དེར་ཁ་པར་བཏང་ནས་གནས་ཚུལ་འདྲི་རྩད་བྱེད་ཐབས་བྱས་ཀྱང་ཁ་པར་ལེན་མཁན་ནས་Li Xiaolinལ་ཁ་པར་མ་སྤྲད་པའི་ཁར། ཁོང་ལ་འབྲེལ་བ་ཇི་ལྟར་བྱེད་ཐབས་ཡོད་མེད་སྐོར་སྐད་ཆ་དྲིས་པར་ཡང་ལན་འདེབས་བྱས་མེད་པ་རེད། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་ཁོང་ཚོའི་ནང་མི་སྤུན་མཆེད་ཀྱིས་གསང་བའི་ཐོག་ནས་དཔལ་འབྱོར་ཉར་ཚགས་བྱེད་པའི་གནས་ཚུལ་རིམ་པ་གསར་ལམ་ཐོག་ཐོན་པ། དཔེར་ན་༢༠༡༢ལོར་Bloombergགསར་ཤོག་གིས། སྲིད་འཛིན་Xi Jinpingགི་སྤུན་མཆེད་གྱིས་ཚོང་ལས་ནང་མ་དངུལ་ས་ཡ་༣༧༦འཛུགས་འཇོག་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ལ། ད་དུང་ལོ་དེའི་ནང་ཨ་རིའི་New York Timesགསར་ཤོག་ལས་ཁང་གིས་ཀྱང་རྒྱ་ནག་གི་སྲིད་བློན་ཟུར་པ་Wen Jiabaoཡི་སྤུན་མཆེད་ནས་ཉུང་མཐར་ཨ་སྒོར་ཐེར་འབུམ་༢གཉིས་དང་ས་ཡ་བདུན་བརྒྱའི་འཛའ་ཐང་ཐོབ་པའི་མཁར་དབང་བདག་ཉར་བྱས་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།