བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་ལ་རྒྱབ་སྐྱོར།
2014.05.22

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡུ་རོབ་ཌན་མག་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་འདུག
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྤྱི་ཚེས་༢༠ཉིན་ཡོ་རོབ་ཌན་མག་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་Christian Juhlམཆོག་དང་། ཕྱི་འབྲེལ་བློན་ཆེན་ཟུར་པ་སྐུ་ཞབས་Holger K.Nielsenམཆོག་དེ་བཞིན་ཌན་མག་མི་མང་ཚོགས་པའི་ཚོགས་མི་སྐུ་ཞབས་Kristian་Thuleseམཆོག་གི་གཙོས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གཞན་ཁག་ཅིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཕྱི་ཚེས་༢༢་ཉིན་ཌན་མག་གྲོས་ཚོགས་ཀྱི་མི་མང་ཚོགས་པའི་ཚོགས་མི་༢༢་ཡོད་པ་ཚང་མས་སྲིད་སྐྱོང་མཆོག་ལ་ཕེབས་བསུ་གྲ་རྒྱས་ཞུས་ཏེ་སྲིད་སྐྱོང་མཆོག་དང་ཟུར་མཇལ་ཞུས་སྐབས་སྲིད་སྐྱོང་མཆོག་གིས་ཁོང་རྣམ་པར་བོད་དོན་སྐོར་གསལབཤད་གནང་འདུག སྐབས་དེར་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པས་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་ལས་འགུལ་སྤེལ་བཞིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་ཐོག་ཌན་མག་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་ཡང་གནང་འདུག
ད་ཐེངས་ཌན་མག་ནང་ཡོད་པའི་Care Tibet འམ་བོད་མིར་དོ་སྣང་ཞེས་པའི་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་ཕུལ་བ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཌན་མག་ནང་གཟིགས་སྐོར་ཕེབས་པ་ཞིག་ཡིན་འདུག སྲིད་སྐྱོང་མཆོག་ཌན་མག་ནང་སྤྱི་ཚེས་༡༨་ནས་༢༢་བར་གྱི་ཉིན་གསུམ་བཞུགས་རིང་ཁུལ་དེར་ཡོད་པའི་བོད་མི་རྣམས་དང་ཐུགས་འཕྲད་གནང་སྟེ་བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡང་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།