སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་དང་ནུབ་བྷང་ག་ལིའི་ཁུལ་དུ་ཆིབས་སྒྱུར་བསྐྱང་གནང་རྒྱུ་ཡིན་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ནང་མཛད་འཆར་གཞིར་བཟུང་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བཅུ་གཉིས་སྟེ་བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་རྩལ་གནང་རྒྱུ་དང་། དེ་ནས་ཚེས་བཅུ་བཞི་ཉིན་ནུབ་བྷང་ག་ལིའི་ས་ལུ་གྷར་ནང་ཡོད་པའི་སྲད་རྒྱུད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། སེམས་སྐྱེད་ཀྱི་ཆོས་འབྲེལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
རིམ་བཞིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་བཟུང་གནས་མཆོག་རྡོ་རྗེ་གདན་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་བཅས་ནས། ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ། དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་(Bridging Traditions, Embracing Modernity: A Dialogue on the Buddha's Teaching in Today's World )ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་འདུག
དེ་དང་ཕྱོགས་མཚུངས་ཚེས་ཉི་ཤུ་རྩ་གསུམ་ཉིན་གནས་མཆོག་རྡོ་རྗེ་གདན་དུ་མཆོདརྟེན་རིན་པོ་ཆེའི་རྟེན་གཙོ་ཐུབ་དབང་སྐུ་མདུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཀྱི་ཚོགས་ཞུགས་པ་ཡོངས་ནས་འཛམ་གླིང་ཞི་བདེའི་སྨོན་ལམ་འཚོག་གནང་རྒྱུ།
ཡང་འདི་ཚེས་ཉི་ཤུ་རྩ་དགུ་ནས་སུམ་ཅུ་བར་ཉིན་གྲངས་གསུམ་རིང་ཆོས་འབྲེལ་སྩལ་གནང་རྒྱུའི་ཁོངས་སུ་། ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ལོ་འདིའི་ལོ་མཇུག་གི་ཉིན་མཐའ་མ་སྟེ་ཕྱི་ཟླ་བཅུ་གཉིས་པའི་ཚེས་ ༣༡ ཉིན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་གནང་རྒྱུ་ཡིན་འདུག
ལོ་འདིའི་མཛད་འཆར་ཁག་འགྲུབ་གནང་བའི་རྗེས་སུ་ཕྱི་ལོ་ ༢༠༢༤ ཕྱི་ཟླ་དང་པོའི་ཚེས་གཅིག་སྟེ་ཕྱི་ལུགས་ལོ་གསར་ཉིན་འབྲེལ་ཡོད་ཚོགས་པ་ཁག་ཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
སྤྱིར་བཏང་ལོ་འདིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཕྱི་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་གནང་རྒྱུ་དེ་སྔ་དང་མི་འདྲ་བར་ཉུང་ཕྲི་གནང་ཡོད་ཀྱང་དབྱར་ཁའི་རིང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཕལ་ཆེར་ཟླ་བ་གཅིག་ཙམ་བཞུགས་བཞག་གནང་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།